དབུ་ཤོག>གསར་འགྱུར།
  • རེ་བས་ཁེངས་པའི་ལམ་བུའི་ཐོག་སྐྱོད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-30

    2003ལོའི་སྟོན་ཁར་སློབ་འབྲིང་སློབ་མ་གསར་བསྡུ་བྱེད་པའི་དུས་ཚོད་ཡིན།

    གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་ཟུར་མཚོ་ཤང་དཀར་ཆུང་གྲོང་ཚོའི་ཞིང་པ་དཀྱུས་མའི་དུད་ཚང་གཅིག་ནང་ཕ་མ་གཉིས་ཀྱིས་རྫོང་སློབ་འབྲིང་དུ་སློབ་སྦྱོང་བྱེད་པར་འགྲོ་ཉེར་ཡོད་པའི་བུ་སྐལ་བཟང་ལྷུན་གྲུབ་ལ་རྡོག་ཆས་བསྡུ་གསོག་རྒྱག་བཞིན་ཡོད་པ་དང་ཚང་མས་སྐད་ཆ་མ་བཤད་པས་ཁང་པའི་ནང་གྱོན་གོས་ལྟེབ་བརྩེགས་རྒྱག་པའི་སྒྲ་ལས་ཐོས་རྒྱུ་མེད།

    བུ་སློབ་གཉེར་ལམ་དུ་སྐྱོད་ཉེར་སྐབས་པ་ཕས་གྲབས་གསོག་བྱས་པའི་དངུལ་སྒོར་50ལྟོ་ཕད་ནང་ནས་བཏོན་ཏེ་ཁོང་གིས་བུ་ལ“སྐལ་བཟང་ལྷུན་གྲུབ་སློབ་གྲྭར་སླེབས་རྗེས་སློབ་སྦྱོང་ཡག་པོ་བྱས་ནས་ཕ་ཡུལ་དང་ཁྱིམ་ཚང་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་དགོས”ཞེས་བཤད།

    སྐལ་བཟང་ལྷུན་གྲུབ་ཞིང་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་ཁྱིམ་ནང་གི་གཅེན་གཅུང་ཁྲོད་ཆུང་ཤོས་ཡིན། ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཡག་པོ་མེད་པའི་དབང་གིས་པ་ཕས“ཤེས་བྱ་ཡོན་ཏན་གྱིས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པར”ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་དང་། སློབ་གསོ་བརྒྱུད་བུའི་འཚོ་བ་དེ་བས་ཡག་པོ་སྐྱེལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ད་ཆ་ལོ་12འདས་ཟིན་པ་དང་སྐལ་བཟང་ལྷུན་གྲུབ་དཀར་ཆུང་གྲོང་ཚོའི་སློབ་ཆེན་སློབ་མ་ཁག་དང་པོར་གྱུར་ཡོད།

    སྐལ་བཟང་ལྷུན་གྲུབ་ཀྱི་ངོས་ནས་བཤད་ན་སློབ་གཉེར་ལམ་བུ་ནི་དཀའ་ཚེགས་ཆེ་ལ་བདེ་སྐྱིད་ལྡན་པ་ཞིག་ཀྱང་རེད།

    སྐལ་བཟང་ལྷུན་གྲུབ་སློབ་ཆུང་ལ་མ་སྐྱོད་གོང་ཟུར་མཚོ་ཤང་དམངས་བཙུགས་སློབ་ཆུང་ལ་ལོ་རིམ་བཞི་ལས་མེད་པ་དང་སློབ་ཆུང་ལོ་རིམ་ཆ་ཚང་འགྲིམ་བསམ་ན་ཤང་གཞན་དུ་ལོ་རིམ་ལྔ་པ་དང་དྲུག་པའི་སློབ་ཚན་མུ་མཐུད་སློབ་སྦྱོང་བྱེད་པར་འགྲོ་དགོས་ཀྱི་ཡོད།

    1997ལོར་ཟུར་མཚོ་ཤང་གི་དམངས་བཙུགས་སློབ་ཆུང་དེ“ཆ་ཚང་སློབ་ཆུང”དུ་འགྱུར(ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་སློབ་ཚན་ཚང་མ་སྦྱོང་ཐུབ་པའི་སློབ་ཆུང)བ་དང་ལོ་དེར་སྐལ་བཟང་ལྷུན་གྲུབ་སློབ་ཆུང་ལོ་རིམ་དང་པོར་ཕྱིན་པ་རེད།

    གོག་ཧྲུལ་གྱི་སློབ་ཁང་ནི་སྐལ་བཟང་ལྷུན་གྲུབ་ཀྱི་སློབ་གྲྭའི་བག་ཆགས་དང་པོ་དེ་རེད། སྐལ་བཟང་ལྷུན་གྲུབ་ཀྱིས“སློབ་ཁང་ནང་སྒྲོག་ཙེ་རྐུབ་སྟེགས་མེད་པ་དང་ས་ཐོག་ཏུ་འབོལ་གདན་རལ་པ་བཏིང་ནས་སློབ་མ་ཚང་མ་འབོལ་གདན་ཐོག་བསྡད་དེ་ཉན་གྱི་ཡོད”ཅེས་བཤད།

    དགེ་རྒན་མི་འདང་བའི་དབང་གིས་སློབ་ཚན་བཀོད་སྒྲིག་ཧ་ཅང་སྟབས་བདེ་ཡིན་པ་དང་སློབ་མ་རྣམས་བོད་ཡིག་ཡིག་གཟུགས་དང་རྩིས་རིག་རྨང་གཞིའི་སློབ་ཚན་ཁོ་ན་སྦྱངས་པ་ལས་རྒྱ་ཡིག་དང་དབྱིན་ཡིག་ཧ་ལམ་སྦྱོང་ཐུབ་ཀྱི་མེད།

    2003ལོར་སྐལ་བཟང་ལྷུན་གྲུབ་སློབ་ཆུང་ཐོན་པ་དང་ལོ་དེར་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ཟུར་མཚོ་ཤང་དུ་ལག་བསྟར་དོན་འཁྱོལ་བྱས་པས་དེ་སྔ་སློབ་ཆུང་ཐོན་རྗེས་སློབ་གྲྭར་མི་བཏང་བའི་ཕྲུ་གུ་མང་པོ་ཡང་བསྐྱར་དཔེ་ཁུག་ཁྱེར་ནས་སློབ་ཁང་གསར་པའི་ནང་བསྐྱོད་པ་མཚོན་གྱི་ཡོད།

    “གཉའ་ལམ་རྫོང་སློབ་འབྲིང་དེ་འགྲམ་འགག་སྒོར་བཙུགས་ཡོད་པ་དང་ཟུར་མཚོ་ཤང་དང་བར་ཐག་སྤྱི་ལེ་30ལྷག་ཙམ་ཡོད། ལམ་ཐག་ཐུང་ཐུང་ཡིན་ནའང་ལམ་དེ་ནི་གཡང་གཟར་བྲག་རིའི་ཐོག་གནས་ཡོད་པས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད”ཅེས་དང་“ལམ་དེ་འདྲ་ཡིན་པས་མི་མང་པོ་ཞིག་མུ་མཐུད་སློབ་གཉེར་བྱེད་པའི་ཕུགས་བསམ་ལ་འགོག་རྐྱེན་བཟོས་ཡོད”ཅེས་སྐལ་བཟང་ལྷུན་གྲུབ་ཀྱིས་བཤད།

    སློབ་གསོའི་ཕུགས་ཀྱི་འཕེལ་རྒྱས་དང་དེ་བཞིན་སློབ་མ་རྣམས་ཀྱི་བདེ་འཇགས་གནད་དོན་ལ་བསམ་གཞིག་བྱས་ཏེ་གཉའ་ལམ་རྫོང་གིས་སློབ་འབྲིང་དེ་རྫོང་སྲིད་གཞུང་གནས་ཡུལ་དུ་སྤོས་པ་དང“ཕུགས་རེའི་སློབ་འབྲིང”ཞེས་མིང་བཏགས།

    པཱ་ལགས་ཀྱི་ལྕག་སྐུལ་འོག་སྐལ་བཟང་ལྷུན་གྲུབ་ཀྱི་སློབ་སྦྱོང་བྱེད་པའི་སྙིང་རུས་དེ་བས་ཆེ་རུ་ཕྱིན་ཡོད་ནའང་རྟག་ཏུ་ལྟོགས་ནས་མ་སྐྱིད་པ་ཡོང་གི་ཡོད། སློབ་གྲྭར་མ་དངུལ་མི་འདང་བར་བརྟེན་ཟ་ཁང་གི་ལྟོ་ཆས་མཁོ་འདོན་བྱེད་ཚད་ཉུང་བ་དང་ཟ་ཤེད་ཆེ་བའི་སློབ་མ་མི་ཉུང་བ་ཞིག་གིས་ལྟོ་ཆས་ལེན་ཚར་མ་ཐག་སླར་ཡང་གྲལ་གྱི་མཇུག་ཏུ་ཡོང་ནས་ཟ་གིན་ཟ་གིན་གྲལ་སྒྲིག་གི་ཡོད་……

    2005ལོར་སློབ་གྲྭས་འཚོ་བའི་དགེ་རྒན་ནོར་དབྱངས་ཆེད་མངགས་གདན་ཞུ་བྱས་རྗེས་གྲོད་པ“མི་རྒྱགས་པའི”གནད་དོན་དེ་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད། ཡུན་རིང་མ་སོང་བར་རྒྱལ་ཁབ་ཀྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་ནས་སློབ་མ་རྣམས་ཀྱི་འཚོ་བཅུད་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་འགོ་ཚུགས་ཡོད།……

    “སྲིད་ཇུས་ཡག་ཏུ་ཕྱིན་པ་དང་ཆབས་ཅིག་སློབ་གྲྭར་འགྲོ་མཁན་ཡང་མང་དུ་ཕྱིན་ཡོད། ང་རང་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོར་སྐྱོད་སྐབས་འཛིན་གྲྭ་གཅིག་ལས་མེད་པ་དང་སློབ་གྲྭ་ཐོན་སྐབས་འཛིན་གྲྭ་གསུམ་ཡོད”ཅེས་སྐལ་བཟང་ལྷུན་གྲུབ་ཀྱིས་བཤད།

    2006ལོར་སྐལ་བཟང་ལྷུན་གྲུབ་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་ལྷ་ས་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་ལོ་དེའི་འབྲིང་རྒྱུགས་ནང“ཕུགས་རེ་སློབ་འབྲིང”ནས་ཁྱོན་མི་5ལྷ་ས་སློབ་འབྲིང་དུ་རྒྱུགས་འཕྲོད་ཡོད་པ་དང་སྦྱངས་འབྲས་དེ་ལྟ་བུ་གཉའ་ལམ་རྫོང་ངོས་ནས་བཤད་ན་ཟིན་ཐོ་ལས་བརྒལ་བ་ཞིག་རེད།

    སྐལ་བཟང་ལྷུན་གྲུབ་ཀྱི་བོད་ཡིག་སྦྱངས་འབྲས་ཧ་ཅང་ཡག་པོ་ཡོད་པ་དང་ཁོང་ནི་བོད་ལྗོངས་སློབ་ཆེན་བོད་ཡིག་གསར་འགྱུར་ཆེད་ལས་ཐོན་པའི་སློབ་མ་ཁག་དང་པོ་དེ་ཡིན།

    སླར་ཡང་ལོ་གཅིག་གི་སྟོན་ཀའི་དུས་སུ་སྐལ་བཟང་ལྷུན་གྲུབ་ཀྱིས་རང་ཉིད་སློབ་ཆེན་ནང་ཐོབ་པའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་དང་ཕྱི་རུ་ཁྱིམ་ཚང་དགེ་རྒན་བྱས་པའི་ཡོང་འབབ་སྤྱད་དེ་ཐག་རིང་དུ་འགྲོ་མྱོང་གཅིག་ཀྱང་མེད་པའི་ཕ་མ་གཉིས་ལྷ་སར་བསུས་པ་རེད།

    ད་ཆ་ལས་ཀར་ཞུགས་པའི་ཁོང་གིས་སློབ་གཉེར་ལམ་བུའི་ཐོག་གི་དཀའ་ཚེགས་དེ་དག་དྲན་གསོ་བྱེད་རིམ་བཞིན་ཚོར་སྣང་ཟབ་པོའི་ངང“སློབ་གྲྭར་འགྲོ་དུས་དེ་བས་རིམ་པ་མཐོ་བའི་སློབ་སྦྱོང་གི་དུས་སུ་སླེབས་སྐབས་རྒྱལ་ཁབ་ཀྱིས་སློབ་གསོའི་སྲིད་ཇུས་ཐད་ལེགས་བཅོས་བྱེད་པ་འཕྲད་པ་དང་། ང་རང་དཀའ་ངལ་ཆེ་ཤོས་ཀྱི་སྐབས་སུ་མི་སེམས་བཟང་ཅན་མང་པོས་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་བྱུང་ང་ནི་ལམ་འགྲོ་རྒྱུག་པའི་ཕྲུ་གུ་ཞིག་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།