དབུ་ཤོག>གསར་འགྱུར།
  • ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཆེད་མངགས་ཕོ་ཉ་ཧྲེན་གཡོད་གཡོད་མར་ཏི་ཝེ་རང་བཙན་བྱུང་ནས་ལོ་50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-07-29

    ཤིན་ཧྭ་གསར་འགྱུར་ཁང་མ་ལེ་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཆེད་མངགས་ཕོ་ཉ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲེན་གཡོད་གཡོད་ཚེས་26ཉིན་གདན་ཞུས་ལྟར་མར་ཏི་ཝེའི་རྒྱལ་ས་མ་ལེར་འཚོགས་པའི་མར་ཏི་ཝེ་རང་བཙན་བྱུང་ནས་ལོ་50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་འབྲེལ་མར་ཏི་ཝེའི་ཙུང་ཐུང་ཡ་མིང་དང་མཇལ་འཛོམས་གནང་བ་རེད།

    ཧྲེན་གཡོད་གཡོད་ཀྱིས་ཙུང་ཐུང་ཡ་མིང་དང་མར་ཏི་ཝེའི་མི་དམངས་ལ་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྙིང་དབུས་ནས་རྟེན་འབྲེལ་ཞུ་ལུགས་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་བ་དང་འབྲེལ་མར་ཏི་ཝེ་རང་བཙན་བྱུང་ནས་ལོ་50ཡི་ནང་ཐོབ་པའི་འཕེལ་རྒྱས་དང་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ན་ནིང་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མར་ཏི་ཝེར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བ་དང་ཙུང་ཐུང་ཡ་མིང་གིས་ཀྲུང་གོར་ཐེངས་གཉིས་ཕེབས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་མར་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས་མར་ཏི་ཝེ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རོགས་རེས་ཀྱི་གྲོགས་པོ་ཡག་པོ་དང་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་བའི་རོགས་ཟླ་ཡག་པོ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཡ་མིང་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཆེད་མངགས་ཕོ་ཉ་རྟེན་འབྲེལ་མཛད་སྒོར་ཞུགས་པར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་འབྲེལ་བདག་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་ལ་སྨོན་འདུན་བཟང་པོ་ཞུ་ལུགས་ཧྲེན་གཡོད་གཡོད་ཀྱིས་བརྒྱུད་གསུང་གནང་རོགས་ཞུས་པ་རེད། ཁོང་གིས་མར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་བློ་དཀར་སེམས་དཀར་དང་མཛའ་མཐུན་གྱི་རོགས་ཟླར་བརྩི་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་འབོད་སྐུལ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་དེའི་ནང་ཞུགས་ནས་མར་ཀྲུང་དབར་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་སྲིད་དོན་མི་སྣ་དང་འཐུས་མི་བརྒྱ་ལ་ཉེ་བ་རྟེན་འབྲེལ་མཛད་སྒོའི་བྱེད་སྒོ་ཁག་ནང་ཞུགས་པ་རེད། བྱེད་སྒོའི་རིང་ཧྲེན་གཡོད་གཡོད་ཀྱིས་ད་དུང་མར་ཏི་ཝེའི་ཙུང་ཐུང་གཞོན་པ་ཨ་ཏི་པུའུ་སོགས་དང་མཇལ་འཛོམས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།