དབུ་ཤོག>གསར་འགྱུར།
  • འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་སྟངས་འཛིན་བྱས་ནས་ཀྲུང་གོའི་ཡིད་ཆེས་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ​ ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-07-28

    ཡིད་ཆེས་ཀྱིས་ཁ་ཕྱོགས་བརྟན་གཏོང་དང་ཡིད་ཆེས་ཀྱིས་སྟོབས་ཤུགས་འཕེལ་བར་བྱེད། “མིག་སྔར་ཀྲུང་གོའི་དཔལ་འབྱོར་གྱི་དུས་བབ་དང་འཁོར་སྐྱོད་སྤྱིའི་ཆར་ཡག་པོ་ཡོད”“དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་སྔར་བཞིན་ཡངས་པས་དེའི་ཐད་ངེས་པར་དུ་ཡིད་ཆེས་ཡོད་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཅི་ལིན་དུ་བརྟག་ཞིབ་གནང་རིང་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་ཐད་དབྱེ་ཞིབ་གཏིང་ཟབ་གནང་ནས་ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་ཡོང་བའི་ཀྲུང་གོའི་འབོད་སྒྲ་བསྒྲགས་ཏེ་གོམ་སྟབས་རྗེས་མའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་ཕྱིར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་བསམ་བློའི་སྒུལ་ཤུགས་མཁོ་འདོན་གནང་ཡོད།

    “གྲངས་གཞི་དེ་དག་ལས་ཀྲུང་གོའི་དཔལ་འབྱོར་བརྟན་པོ་ཡོང་རེའི་རྟགས་མཚན་རགས་ཙམ་མངོན་ཡོད”མི་རིང་བའི་གོང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ལོ་སྟོད་ཀྱི་དཔལ་འབྱོར་གྲངས་གཞི་གཙོ་བོ་ཡོངས་བསྒྲགས་བྱས་པར་རྒྱ་ཁྱབ་ངང་དོ་ཁུར་བྱེད་ཀྱི་ཡོད། སྤྱིའི་ཆ་ནས་བལྟས་ན་དེ་ནི་བསྔགས་འོས་པའི་ཀྲུང་གོའི་དཔལ་འབྱོར་གྱི“ལོ་དཀྱིལ་གྱི་རྒྱུགས་ལན”ཞིག་རེད། རགས་ཙམ་བྱས་པར་གཞིགས་ན། ལོ་སྟོད་ཀྱི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་7%འཕར་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་མཚམས་སུ་གནས་པ་དང་དམིགས་ཚད་གཙོ་བོ་རིམ་བཞིན་འཕར་ནས་དལ་པོའི་ཁྲོད་རིམ་བཞིན་བརྟན་པོ་དང་བརྟན་པོའི་ཁྲོད་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད་པ་རེད།

    སྒྲིག་གཞི་ཁག་གཅིག་གིས་དེ་ནི“བསམ་ཡུལ་ལས་འདས་སོང”ཞེས་བརྗོད་ཀྱི་ཡོད་ཀྱང་། ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་རྒྱུགས་སྤྲོད་ཡི་གེ་དེའི་ཏན་ཏིག་གི་གྲངས་གཞི་དང་དོན་དངོས་ལས་འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་བ་མངོན་གྱི་ཡོད་ལ་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་བྱས་རྗེས་འཇོག་པའི་འཕེལ་རྒྱས་ཀྱི་རང་ཡིད་རང་ཆེས་ལ་གསལ་འགྲེལ་བྱེད་ཀྱི་ཡོད།

    མདུན་ངོས་ཀྱི་ལམ་བུར་ཁ་ཕྱོགས་སྐབས་མི་ཁག་གཅིག་ལ་སེམས་ཁྲལ་ཡོང་སྲིད། དོན་དངོས་ཐོག་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཁག་གཅིག་ལ་དུས་ཐུང་ནས་བལྟས་ན་ཛ་དྲག་པོ་ཡིན་པས་ལྟ་སྟངས་ནན་ཏན་འཛིན་དགོས། གལ་སྲིད་ལོ་རྒྱུས་དང་ཆབ་སྲིད་ཀྱི་མིག་རྒྱང་ཐོག་ནས་དུས་ཐུང་དང་། དུས་འབྲིང་། ཡུན་རིང་བཅས་ཟུང་འབྲེལ་ངང་བལྟས་ཚེ་གནད་དོན་དེ་དག་དུས་མཚམས་རང་བཞིན་གྱི་སྣང་ཚུལ་ཙམ་ཡིན་པས་སྟངས་འཛིན་ཡག་པོ་ཐུབ་ཚེ་ཡོངས་སུ་ཐག་གཅོད་གང་ལེགས་བྱེད་ཐུབ་པ་ཞིག་ཡིན་པ་དཔེར་ན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུངས་པ་བཞིན་ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བའི་གཞི་རྩར་འགྱུར་ལྡོག་བྱུང་མེད་པ་དང་། དཔལ་འབྱོར་གྱི་མཉེན་ཤུགས་ལེགས་པ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། བརྐྱང་བསྐུམ་བྱ་གཞི་ཆེ་བ་བཅས་ཀྱི་གཞི་རྩའི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་མེད་པ། དཔལ་འབྱོར་རྒྱུན་བསྲིང་འཕར་བའི་འདེགས་སྐྱོར་རྨང་གཞི་དང་ཆ་རྐྱེན་བཟང་པོར་འགྱུར་ལྡོག་བྱུང་མེད་པ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྲིག་གི་མདུན་སྐྱོད་རྣམ་པར་འགྱུར་ལྡོག་བྱུང་མེད་པ་ལྟར་རེད། “འགྱུར་ལྡོག་བྱུང་མེད་པ་བཞི་པོ”དེས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་གི་སྤྱིའི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་དང་གནད་འཁེལ་གྱི་ཞིབ་འཇུག་བརྡར་ཤ་གཅོད་པ་དེ་ནི་ང་ཚོས་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་བ་གསལ་འབྱེད་དང་འཕེལ་རྒྱས་ཀྱི་རང་ཡིད་རང་ཆེས་ཆེར་གཏོང་གི་གཞི་འཛིན་ས་ཞིག་རེད། རྒྱུན་རྣམ་གསར་པ་དང་འཚམ་པ་དང་། རྒྱུན་རྣམ་གསར་པ་སྟངས་འཛིན། རྒྱུན་རྣམ་གསར་པར་ཁྲིད་སྟོན་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོ་ཞིག་རེད།

    འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོར་སྟངས་འཛིན་བྱས་ནས་འབྱུང་འགྱུར་ལ་ཁ་ཕྱོགས་སྐབས་ང་ཚོར“ཀྲུང་གོའི་ཡིད་ཆེས”ཀྱིས་ཁེངས་པའི་གདེང་ཚོད་ཧ་ཅང་ཆེན་པོ་ལྡན་པ་དང་རང་རྒྱལ་གྱི་བཟོ་ལས་ཅན་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་དེ་ཆ་འཕྲིན་ཅན་དང་མཉམ་འདྲེས་མྱུར་པོ་བྱུང་ནས་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་ཧྲིལ་པོས་གསར་གཏོད་ལས་གཏོད་བྱས་པའི“གསར་གཏོད་ཀྱི་དུས་རབས”སླེབས་ལ་ཉེ་བས་གསོན་ཤུགས་གསར་པ་ཟམ་མི་ཆད་པར་འཕེལ་བ་བྱེད་པ། “རྒྱུད་གཅིག་ལམ་གཅིག”དང་པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་མཐུན་སྦྱོར་ངང་གོང་འཕེལ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་སོགས་ས་ཁོངས་འཐབ་ཇུས་ལ་སྐུལ་འདེད་བརྟན་པོ་བཏང་ནས་བར་མཐོངས་གསར་པ་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། ང་ཚོར“ཀྲུང་གོའི་ཡིད་ཆེས”ཀྱིས་ཁེངས་པའི་རྔམ་བརྗིད་ཆེ་བའི་སྒུལ་ཤུགས་ལྡན་ཡོད་པ་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་དང་རྨང་གཞི་བརྟན་དུ་བཏང་ནས་རྒྱལ་ཁབ་ཀྱི་བཅོས་སྒྲིག་མ་ལག་དང་བཅོས་སྒྲིག་ནུས་པ་དེང་རབས་ཅན་དུ་འགྱུར་བར་ལམ་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ནས་འཕེལ་རྒྱས་ལ་དེ་བས་ཆེ་བའི་གོ་སྐབས་དང་དེ་བས་ཡངས་པའི་མདུན་ལམ་ལྡན་པར་བྱེད་དགོས།

    ལོ་མང་རིང་རང་རྒྱལ་གྱི་དཔལ་འབྱོར་དེ་གནད་འགག་སྒྲོལ་བ་དང་བཙན་ས་འཕྲོག་ལེན་བྱེད་རིང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་ཞིག་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་ཡག་པོ་བསྡུ་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་ཕྱིར་རྨང་གཞི་ཡག་པོ་འདིང་རྒྱུ་ནི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་ཞིག་རེད། ང་ཚོས་འཐབ་ཇུས་ཀྱི་ཚུགས་ནུས་མཐའ་འཁྱོངས་བྱེད་དགོས་ལ་འཕེལ་རྒྱས་ཀྱི་རང་ཡིད་རང་ཆེས་ཀྱང་ཆེ་རུ་གཏོང་དགོས་པ་མ་ཟད། མ་མཐའི་མཚམས་ཐིག་གི་དགོངས་པ་མཐའ་འཁྱོངས་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཁོག་སྙོམས་སྒྲིག་གི་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་ལ་སྔར་བས་དོ་ཁུར་གྱིས་བརྟན་པོའི་ངང་འཕར་བ་དང་སྒྱུར་བཅོས་འགན་ལེན་ཐད་སླར་ཡང་ཤུགས་སྣོན་རྒྱག་པ་དང་། གསོན་ཤུགས་འཕེལ་བ་དང་སྒུལ་ཤུགས་ཆེར་གཏོང་ཐད་སླར་ཡང་ཤུགས་སྣོན་རྒྱག་པ། གྲུབ་ཆ་ལེགས་སྒྲིག་དང་དམངས་འཚོར་ཕན་འདོགས་པའི་ཐད་སླར་ཡང་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ལས་དོན་བྱེད་དང་མི་བྱེད་པའི་དབར་ཁྱད་པར་ཡོད་པ་དང་ལས་ཀ་མང་པོ་བྱས་པ་དང་ཉུང་ཉུང་བྱས་པའི་དབར་ཡང་ཁྱད་པར་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་བསྲིང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བའི་འགག་རྩ་ནི་རིམ་ཁག་འགོ་ཁྲིད་ཚན་ཁག་གིས་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་རག་ལུས་ཡོད། འབད་འབུངས་ཡར་བརྩོན་གྱི་བསམ་བློའི་འཁྱེར་ཕྱོགས་རྒྱུན་ཆད་མེད་པར་ཆེར་གཏོང་དང་སྒྱུར་བཅོས་གནད་སྨིན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཚེ་ང་ཚོས་འགྱུར་ལྡོག་ཁྲོད་གསར་གཏོད་བརྩོན་ལེན་དང་། འགྱུར་ལྡོག་ཁྲོད་ཡར་རྒྱས་བརྩོན་ལེན། འགྱུར་ལྡོག་ཁྲོད་ཚད་བརྒལ་ཡོང་བ་བཅས་ཀྱི་ཐོག་ནས་སྤུས་ཚད་སྔར་བས་མཐོ་བ་དང་། ཕན་འབྲས་སྔར་བས་ལེགས་པ། གྲུབ་ཆ་སྔར་བས་ལེགས་པ། ལེགས་ཆ་འདོན་སྤེལ་གང་ལེགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཐོག་བསྐྱོད་དེ་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་ཞིག་རྒྱུན་ཆད་མེད་པར་གཏོད་ཐུབ།

    ཅི་ལིན་དུ་བརྟག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང“ཧའེ་ལན་གཙང་འགྲམ་ཆུ་འབྲས་དྲི་ཞིམ་འཐུལ”ཞེས་པའི་གནས་སུ་ཕེབས་ནས་ཡུལ་མི་ཚོ་དང་ལྷན་དུ་ལོ་ལེགས་ཡོང་བའི་ལོའི་འཆར་གཞི་འགོད་གནང་མཛད་ཡོད། རྨོ་འདེབས་ཇི་ཙམ་བྱས་ན་ཡོང་འབབ་དེ་ཙམ་ཐོབ། དད་སེམས་ངར་ཤུགས་སུ་བསྒྱུར་ནས་དཀའ་སྤྱད་འབད་བརྩོན་ལས་འབྲས་བུ་བརྩོན་ལེན་གྱིས་འགག་སྒྲོལ་དཀའ་སེལ་ཐད་ལྷོད་གཡེང་མི་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་བྱེད་མཚམས་མི་འཇོག་པ་བྱས་ཚེ་ཀྲུང་གོའི་དཔལ་འབྱོར་གྱི་མེ་འཁོར་དེ་སྔར་བས་བརྟན་ཞིང་མགྱོགས་ལ་ནུས་པ་ལྡན་པའི་ངང་བསྐྱོད་ཐུབ་པ་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དེ་དེ་བས་ངོ་མཚར་ཆེ་བའི་ཀྲུང་གོའི་གཏམ་རྒྱུད་ཅིག་ང་ཚོས་རྩོམ་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།