མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པར་བརྟེན་ས་གནས་ཁག་གིས་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཡིན་ནའང་ས་ཁུལ་དང་། སྡེ་ཚན། ལས་བྱེད་པ་བཅས་ཁ་ཤས་ཀྱིས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐད་དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་ལྡན་པ་དང་། སྔོན་གཏོད་ལེགས་བརྩོན་གྱི་ཡར་བརྩོན་སྙིང་སྟོབས་མི་འདང་བར་འཕྲེད་ཕྱོགས་ལ་བསྡུར་བ་དང་། རྗེས་ལུས་པར་མིག་དཔེ་ལྟ་བ། སྔོན་ཐོན་བརྩོན་ལེན་མི་བྱེད་པ། མཇུག་ཤོས་སུ་མི་ལུས་པ་ཁོ་ན་བརྩོན་ལེན་བྱེད་ཀྱི་ཡོད། “རྗེས་ལུས་པར་མིག་དཔེ་ལྟ་བའི”སྣང་ཚུལ་དེ་རིགས་ཀྱིས་དཔོན་རིགས་ཁག་གཅིག་གིས་འགན་འཁུར་འདོད་མི་བྱེད་པ་དང་བྱ་སྤྱོད་སྤེལ་མི་ཕོད་པ་དེས་ཀྲུང་དབྱང་གི་སྲིད་ཇུས་ཁག་གཞི་རིམ་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་འགོག་རྐྱེན་བཟོས་པ་མ་ཟད། ས་གནས་མི་ཉུང་བ་ཞིག་གི་མིག་སྔའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དེ་བས་ཤོར་ངེས་རེད།
གསར་འགོད་པས་བརྟག་ཞིབ་བྱས་པའི་ཁྲོད་ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་མདུན་དུ་ས་གནས་ཁ་ཤས་ཀྱི་ལས་བྱེད་པས་བྱ་སྤྱོད་སྤེལ་མི་ཤེས་པ་དང་བྱ་སྤྱོད་སྤེལ་མི་ཕོད་པ་དེ་ལས་ལས་ཀའི་ཁྲོད་སྐབས་འགར་འགན་ཕར་དཀྲི་ཚུར་དཀྲི་དང་སྒྱིད་ལུག་ལྟ་བ་མངོན་གྱི་ཡོད། མི་གཞན་རྟ་ལ་བཞོན་པ་མཐོང་རུང་། རང་ཉིད་བོང་བུར་བཞོན་ནས་བསྐྱོད་པ། “རྗེས་ལུས་པར་མིག་དཔེ་ལྟ་བའི”སྣང་ཚུལ་དེ་རིགས་ས་གནས་ཁ་ཤས་སུ་དངོས་གནས་ཡོད་ལ་སྒྱུར་བཅོས་དོན་འཁྱོལ་གྱི་ཕན་འབྲས་ལའང་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།
དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པའི་གནས་ཚུལ་འོག་རིམ་ཁག་ལས་བྱེད་པས་ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཉེན་བསམ་གྱི་སེམས་པ་དང་། དགོས་གཏུགས་ཀྱི་སེམས་པ། འགན་འཁྲིའི་སེམས་པ་བཅས་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་དུ་ལྷག་པའི་དཀའ་ངལ་དང་གནད་དོན་ལ་མི་གཡོལ་བ་དང་། ལས་འཛོལ་མི་ཐོན་པ། བསྐོར་ནས་མི་འགྲོ་བ་བཅས་བྱས་ནས་སྙིང་སྟོབས་ཆེར་སྐྱེད་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་ནས་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་ལས་ཀའི་བསམ་ཕྱོགས་བཟོ་དགོས།
“རྒྱུན་རྣམ་གསར་པའི”འོག་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཇི་ལྟར་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུ་དེ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་མིན་གྱི་འགག་རྩ་ཞིག་ཏུ་གྱུར་ཡོད། ཀྲུང་དབྱང་གི་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ་དང་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམ་འཛིན་བྱས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་བསྒྲུབས་དགོས། མིག་སྔའི་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་འོག་དེ་ནི་ཕུགས་ཀྱི་འཐབ་ཇུས་ལས་འགན་ཞིག་ཡིན་པ་མ་ཟད། དངོས་ཡོད་ཀྱི་ལྡོག་སྐུལ་འོག་གི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀའི་བླང་བྱ་ཞིག་དེ་བས་ཡིན།
སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བར་དོ་དམ་ནན་པོ་བྱེད་མཁན་དང་། བེད་སྤྱོད་ཡག་པོ་གཏོང་མཁན། འགོ་ཡག་པོ་འཁྲིད་མཁན་བཅས་ཀྱི་ལས་བྱེད་པ་དགོས། “བྱ་སྤྱོད་ལ་བསྙོན་འཛུགས་མི་ཕོག་པ”བྱེད་དགོས་ཤིང་། ལས་ཀ་དེ་ཙམ་ཡག་པོ་མ་བྱུང་ནའང་སྔར་བཞིན་ཕན་པ་ཐོབ་པ་དང་ལས་ཀ་ཡག་པོ་བྱུང་ནའང་མཐོང་མི་བྱེད་པའི་སྣང་ཚུལ་མི་ཐོན་པ་བྱེད་དགོས། ཡུན་རིང་མ་སོང་གོང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《འགོ་ཁྲིད་ལས་བྱེད་པའི་གོ་གནས་འཕར་ཆག་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ལས་བྱེད་པའི་གོ་གནས་འཕར་ཆག་ལ་སྐུལ་འདེད་གཏོང་བའི་གལ་འགངས་ཆེ་ཤོས་ནི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྔར་བས་ཚན་རིག་དང་མཐུན་པ་དང་དེ་བས་ནན་པའི་སྒྱུར་བཅོས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་ཐབས་ཤེས་འདོན་པ། ཚན་རིག་དང་མཐུན་པ་དང་། ཚད་དང་ལྡན་པ། ཡོངས་བསྒྲགས། ཕྱི་གསལ་ནང་གསལ་བཅས་ཀྱི་སྒྱུར་བཅོས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། འཇོན་ཐང་ལྡན་པ། གོ་གནས་སྤོར་བ་དང་། མི་ཐ་ཤལ་གོ་གནས་ཕབ་པ། སྒྱིད་ལུག་པ་ཕྱིར་འབུད་བཅས་འགན་ལེན་བྱས་ནས་མི་སྤྱོད་ཕྱོགས་སྟོན་དང་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་ཁོར་ཡུག་ཡག་པོ་ཞིག་ཆགས་པ་བྱེད་དགོས། (ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་གློག་འཕྲིན་འབྱོར་གསལ)