དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་ནས་གློག་གཏོང་ཚད་ཆན་ཝ་ཁྲི་170ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-26
            བོད་རང་སྐྱོང་ལྗོངས་ནུས་རྒྱུའི་གློག་ཤུགས་འཕེལ་རྒྱས་ཆུང་བ་ནས་ཆེ་བའི་བར་དང་གློག་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་ནས་ན་ནིང་གི་ལོ་མཇུག་བར་སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་ནས་གློག་གཏོང་ཚད་ཆན་ཝ་ཁྲི་169.7ཟིན་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་ནས་མི་རེའི་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་0.534ཟིན་པ་དེ་2010ལོ་ལས་74.2%འཕར་ཡོད་པ་དང་། ན་ནིང་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་32.12ཟིན་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་གློག་ཤུགས་ཀྱི་དགོས་མཁོ་གཞི་རྩའི་ཆ་ནས་བསྐངས་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཆུ་གློག་གཙོ་བོར་བྱེད་པ་དང་། ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་རྒྱུ་མང་པོ་གསབ་རེས་ཀྱི་རྣམ་པ་གསར་པའི་མ་ལག་ཕྱོགས་ཡོངས་ནས་སྐྲུན་པ་དང་། གློག་དྲ་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་ནས་གློག་གཏོང་ཚད་ལོ་རེ་བཞིན་འཕར་ཡོད། བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་གྲངས་གཞི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་གི་ལོ་མཇུག་བར་སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་ནས་གློག་གཏོང་ཚད་ཆན་ཝ་ཁྲི་105.7དང་། འབར་སྣུམ་གྱི་མེ་གློག་འཕྲུལ་ཚན་ནས་གློག་གཏོང་ཚད་ཆན་ཝ་ཁྲི་39 ཉི་ནུས་འོད་ཤུགས་གློག་ཁང་ནས་གློག་གཏོང་ཚད་ཆན་ཝ་ཁྲི་19.9 རླུང་ནུས་གློག་ཁང་ནས་གློག་གཏོང་ཚད་ཆན་ཝ་ཁྲི་0.75 ས་འོག་ཚ་ནུས་གློག་ཁང་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2.7 འཕྲུལ་འཁོར་གཞན་དག་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1.6བཅས་ཟིན་ཡོད།

    གསར་འགོད་པས་བཅར་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ་བོད་ཀྱིས་སྔ་རྗེས་སུ་ཆབ་མདོའི་གསེར་ཆུ་དང་། ལྷ་སའི་འབྲི་གུང་། མངའ་རིས་ཀྱི་སེང་གེ་ཁ་འབབ། ཉིང་ཁྲིའི་ཞོལ་ཁ། ཉིང་ཁྲིའི་དངོས་ཨ་ཕྲང་། ལྷ་སའི་ཕོད་མདོ་སོགས་ཆུ་ཤུགས་གློག་ཁང་དང་། ལྷ་ས་གདོང་དཀར་འཕྲལ་སྡོམ་གློག་ཁུངས་དང་། ཚད་བརྒལ་གློག་ཁུངས། འབར་སྣུམ་གློག་ཁང་དང་མངའ་རིས་དང་ཆབ་མདོའི་འཕྲལ་སྡོམ་གློག་ཁུངས་སོགས་མེ་གློག་འཕྲུལ་ཚན། བོད་དབུས་དང་མངའ་རིས་ཀྱི་དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་སོགས་ནུས་རྒྱུ་གསར་པའི་རྣམ་གྲངས་དང་། གྲོང་གསེབ་ཀྱི་ཆུ་ཤུགས་གློག་ཁང་ཆུང་གྲས་དང་ཁ་གཏོར་འོད་ཤུགས་མ་ལག་ཁག་གཅིག་སྐྲུན་ཡོད།

    “ན་ནིང་ལྗོངས་ཡོངས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་32.12ཟིན་པ་དེ་དུས་མཚུངས་ལས་10.2%འཕར་ཡོད་པ་དང་། མཚོ་བོད་ཐད་རྒྱུག་ནས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་8.38ཟིན་པ་དེ་དུས་མཚུངས་ལས་13.6%འཕར་ཡོད”‘ལོ་ལྔ་ཚན་བཅུ་གཉིས་པའི’རིང་བོད་ཀྱིས་ས་གནས་དེ་གའི་ཆན་ཕུའུ་220གྱི་གློག་སྒྱུར་གློག་འདྲེན་ལས་གྲྭ་ཐོག་མ་དེ་སྐྲུན་པ་དང་། གློག་དྲའི་གློག་གནོན་གྱི་རིམ་པ་མཐོ་ཤོས་ཆན་ཕུའུ་110ནས་ཐད་རྒྱུག་ཆན་ཕུའུ་±400དང་སྤེལ་རྒྱུག་ཆན་ཕུའུ་500བར་མཐོ་རུ་ཕྱིན་ཡོད། ན་ནིང་གི་ལོ་མཇུག་བར་བོད་ཀྱི་གློག་འདྲེན་སྐུད་ལམ་གྱི་རིང་ཚད་ཧྲིལ་པོ་སྤྱི་ལེ་ཁྲི་3ཟིན་ཡོད་ཅེས་བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།