དེང་སྐབས་ཀྱི་འཛམ་གླིང་ལ་རྒྱ་ཁྱབ་ཆེ་ལ་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། དེང་རབས་ཀྱི་ཀྲུང་གོར་རྒྱ་ཁྱབ་ཆེ་ལ་གཏིང་ཟབ་པའི་འཕོ་འགྱུར་ཡོང་བཞིན་ཡོད། གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་ཀྱི་འགྲན་རར་ཞུགས་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་ཤར་བ་གང་ཞིག་ཡིན་ཡང་ཀྲུང་གོའི་འཕེལ་རྒྱས་ཀྱིས་ཁ་ཕྱོགས་པའི་ཁོར་ཡུག་གི་འགྱུར་ལྡོག་ཆེ་བ་དང་། དཀའ་ངལ་དང་འགྲན་སློང་ཧ་ཅང་ཆེ་བ་དེ་སྔར་བྱུང་མྱོང་མེད་པ་ཞིག་རེད། འཚར་ལོངས་བྱུང་བའི“སུན་སྣང”དང་། ལེགས་སྒྲིག་བྱས་པའི“ཟུག་གཟེར”ཕྱོགས་སྒྱུར་གྱི“ངམ་རོང”བཅས་ལ་ཁ་ཕྱོགས་སྐབས་འཐབ་ཇུས་ཀྱི་དཔའ་སྟོབས་དང་འཐབ་ཇུས་ཀྱི་རང་རྟོན་ཆེས་ཆེ་རུ་གཏོང་བ་དང་། འགྱུར་ལྡོག་ཁྲོད་དུ་མདུན་སྐྱོད་བྱེད་པའི་འདུ་ཤེས་གསར་པ་འཛུགས་པ། འགྱུར་ལྡོག་ཁྲོད་དུ་མདུན་སྐྱོད་བྱེད་པའི་བྱས་རྗེས་གསར་པ་མངོན་པར་བྱེད་པ་བཅས་བྱས་ཚེ་གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་རྣམ་པ་དེ་བས་ལེགས་པ་དང་། ལས་བགོས་དེ་བས་བཟང་སྒྲིག གྲུབ་ཆ་དེ་བས་ལུགས་མཐུན་བཅས་ཀྱི་དུས་མཚམས་སུ་རིམ་བཞིན་འཕེལ་འགྱུར་ཡོང་ཐུབ།
འགྱུར་ལྡོག་ཁྲོད་དུ་མདུན་སྐྱོད་བྱེད་པའི་ནང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་ནང་དོན་ཞིབ་ཆ་ཚུད་པ་དང་། དེང་རབས་ཀྲུང་གོའི་ངོས་འཛིན་གྱི་རྒྱུན་རྣམ་གསར་པ་མངོན་པ་དང་། རྒྱུན་རྣམ་གསར་པ་དང་འཚམ་པ། རྒྱུན་རྣམ་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོར་ཁྲིད་སྟོན་བཅས་བྱས་པས་སྒྱུར་བཅོས་བྱེད་སྐབས་རུས་པ་མུར་ཕོད་པ་དང་ཉེན་ཆེའི་གྲམ་པ་བརྒལ་ཕོད་པའི་བློ་ཁོག་དང་ཚུགས་ཤུགས་དེ་བས་མངོན་ཡོད། འགྱུར་ལྡོག་ཁྲོད་དུ་མདུན་སྐྱོད་བྱེད་པར་མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ཐད་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་སྟངས་འཛིན་བྱེད་པ། དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ཆེར་བསྐྱེད་བྱེད་པ། དཀའ་གནད་སེལ་བའི་ཐབས་མཆོག་འདོན་པ། རྒྱུན་རྣམ་གསར་པའི་འོག་གི་འཕེལ་རྒྱས་ཀྱི་འདྲི་ཤོག་ལ་ལན་ཡག་པོ་འདེབས་པ་བཅས་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། བྱ་དངོས་འཕེལ་རྒྱས་དེ་འགལ་བ་སྣ་ཚོགས་དང་གཟུགས་དང་གྲིབ་མ་ཇི་བཞིན་འགྲོགས་ནས་ཡོད།
འགལ་བ་དང་ཉེན་ཁ་ཡོད་པ་དེ་རང་ལ་སྐྲག་དགོས་དོན་མེད། འགག་རྩ་ནི་འགལ་བ་དང་ཉེན་ཁ་སེལ་བའི་ཆོད་སེམས་དང་ཐབས་ཤེས་ཡོད་དགོས་པ་ལས་དཀའ་ངལ་དང་འགྲན་སློང་གི་མདུན་དུ་ཅི་བྱ་གཏོལ་མེད་དང་རེ་མེད་སྤོབས་མེད་བྱེད་མི་རུང་། དཀའ་ངལ་ཁྲི་སྟོང་མང་པོ་ཡོད་ནའང་མཐོང་ཆེན་བྱས་ཚེ་དཀའ་བར་མི་འགྱུར་ཞིང་། ལམ་ཆེན་ལམ་ཆུང་གང་ཞིག་ཡིན་ཡང་བྱ་སྤྱོད་ཡོད་ཚེ་གཞི་ནས་མདུན་ལམ་ཡོད། སྤུས་ཚད་དང་ཕན་འབྲས་ལ་སྣང་ཆེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་བྱེད་ཐབས་དང་ཐབས་ཤེས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ནང་རྐྱེན་ལ་དམིགས་པ་དང་། སྒྲུབ་འགོ་འཛུགས་པ། ཤུགས་རྒྱག་པ་བཅས་བྱེད་པ། གནད་འགག་གནད་འཁེལ་བཙལ་ནས་འབེན་ཡོད་སར་མདའ་འཕེན་པ་དང་ནད་བསྟུན་སྨན་བཅོས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དེས་ཤེས་རྟོགས་རྣམ་བཤད་ཀྱི་མཐོ་ཚད་ནས་བྱ་དངོས་འགྱུར་ལྡོག་འགྲོ་བའི་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་གསལ་སྟོན་གནང་བ་དང་བརྟག་ཐབས་སྨྲ་བའི་ཟུར་ཚད་ནས་འགལ་བ་སེལ་བར་ངེས་པར་དུ་སྤྱོད་དགོས་པའི་རང་སྣང་གི་བྱ་སྤྱོད་གསལ་སྟོན་བྱས་ནས་ཚུལ་སྒྱུར་རིམ་སྤར་བརྒྱུད་རིམ་ནང་གི“འགྲོ་ལྡོག་གཉིས་དཀའི”གནད་དོན་མང་པོ་སེལ་ཆེད་ངོས་འཛིན་ཐད་ཀྱི་སྨུག་པ་སྟུག་པོ་སེལ་བ་དང་ཐབས་ཤེས་ནུས་ལྡན་མཁོ་འདོན་བྱས་པ་དང་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱེད་པའི་ང་ཚོའི་འཐབ་ཇུས་ཀྱི་ཚུགས་ཤུགས་དང་འཕེལ་རྒྱས་ཀྱི་རང་ཡིད་རང་ཆེས་ཆེ་རུ་བཏང་ཡོད།
འདས་དོན་ལ་ཕྱིར་མིག་ལྟ་སྐབས་ཚད་མཐོའི་གཅིག་སྡུད་ཀྱི་འཆར་གཞིའི་དཔལ་འབྱོར་གྱི་སྒྲིག་གཞི་ནས་གསོན་ཤུགས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞིའི་བར་ཀྲུང་གོའི་དཔལ་འབྱོར་དེ་འཕོ་འགྱུར་གཏིང་ཟབ་འགྲོ་བའི་ཁྲོད་དུ་གསར་སྐྱེ་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། ད་ཆར་ཞིབ་ལྟ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་གོ་གནས་གསར་པ་དང་འགྲན་སློང་གསར་པར་ཁ་ཕྱོགས་སྐབས་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག ཚུལ་སྒྱུར་ལ་སྐུལ་མ་གཏོང་བ་བཅས་ཀྱི་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་འདོན་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དུས་རབས་ཀྱི་ཆུ་ཀླུང་ཆེན་པོ་ཉིན་མཚན་མེད་པར་ལང་ལོང་མདུན་དུ་སྐྱོད་པ་དེའི་ཁྲོད་གནས་སྐབས་མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་སྲིད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་རིང་གི་གྲུབ་འབྲས་ཐོབ་པའི་ལག་ལེན་གྱི་ཐོག་ནས་ད་གནས་ཡིད་ཚིམ་བྱས་ན་རྗེས་ལུས་ཐེབས་སྲིད་པ་དང་རང་འགུལ་ངང་བྱས་རྗེས་བཞག་ན་གཞི་ནས་མདུན་ལམ་ལྡན་པའི་གནས་ལུགས་ང་ཚོར་བསྟན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ང་ཚོས་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་གི་གོ་སྐབས་དང་འགྲན་སློང་དང་གནོན་ཤུགས་དང་སྒུལ་ཤུགས་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་བྱེད་པ་དང་། སྒྲིག་གཞི་དང་ལམ་སྲོལ་གྱི་རིམ་པ་ཟབ་པའི་སྐྱོན་ཆར་དམིགས་པ། སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱེད་པ། སྒྱུར་བཅོས་ལ་དོན་དམ་པའི་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས།
མིག་སྔ་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད“དལ་ཁྲོད་བརྟན་པོ་དང་བརྟན་ཐོག་ལེགས་སྒྱུར”གྱི་རྣམ་པ་བཟང་པོ་ཐོན་པ་དེ་མི་རྣམས་སྙིང་སྟོབས་འཕེལ་བ་ཞིག་ཡོད། འོན་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས་པ་ཞིག་ནི་ས་ཁོངས་མི་འདྲ་བ་དང་། ལས་རིགས་མི་འདྲ་བ། སྡེ་ཚན་མི་འདྲ་བ་བཅས་ཀྱི་གནས་ཚུལ་མི་འདྲ་བ་དང་། སྐྱིད་སྡུག་མི་སྙོམས་པ། དགའ་སྤྲོ་སེམས་ཁྲལ་གཉིས་ཀ་ཡོད་པ་བཅས་རེད། སྤྱི་ཡོངས་ནས་བཤད་ན་གནས་ལུགས་རྟོགས་སྔ་ཞིང་། བྱ་སྤྱོད་སྤེལ་མགྱོགས་པ་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བསྟུན་པ་དང་། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་པ། ཧུར་བརྩོན་དང་རང་འགུལ་ངང་ལེགས་སྒྲིག་བྱེད་པ་བཅས་ཀྱི་ས་གནས་དང་ལས་རིགས་དེ་དག་འཕེལ་ཕྱོགས་ལེགས་ཙམ་ཡོད་པ་དང་། དེ་ལས་ལྡོག་ཚེ་འཕྲད་པའི་དཀའ་ངལ་དང་གནད་དོན་མང་ཙམ་ཡོད། དཀའ་གནད་དང་དཀའ་ངལ་ཇི་ཙམ་འཕྲད་སྐབས་གྲུབ་ཆ་རྐྱང་པ་ཡིན་པ་དང་ཐོན་ལས་འབྲེལ་ཐག་གི་མཐའ་སྣེར་གནས་པའི་ས་ཁུལ་དང་ལས་རིགས་ཀྱིས་དེ་བས་ཀྱང་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། དེ་བས་མགྱོགས་པ་དང་དེ་བས་རང་འགུལ་གྱི་སྒོ་ནས་འགྱུར་ལྡོག་ཡོང་བ་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱིས་གྲུབ་ཆ་ལེགས་སྒྲིག་བྱེད་པ། “སྣོན་འཕྲི་སྒྱུར་བགོ”མཉམ་དུ་སྒྲུབ་པ། དགེ་སྤེལ་སྐྱོན་སྤངས་ཀྱིས་བསྡུར་ཁྱད་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ས་གནས་དེ་ག་དང་འཚམ་པའི་ཐོན་ཁུངས་གསོ་སྤེལ་དང་། ཁུལ་གནས་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི། ཤེས་ལྡན་པའི་ཁྱད་ཆོས་བཅས་དང་མཐུན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་མགྱོགས་སུ་གཏོང་བ། རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ། འགྱུར་ལྡོག་ཁྲོད་དུ་མདུན་སྐྱོད་བྱེད་པའི་ཉམས་མྱོང་ངོ་མ་ལེན་པ་བཅས་བྱས་ཚེ་འཕེལ་རྒྱས་ཀྱི་མདུན་ལམ་འཚོལ་མི་ཐུབ་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གཏོད་མི་ཐུབ་པའི་སེམས་ཁྲལ་མེད།
རྒྱུན་རྣམ་གསར་པའི་འོག་རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་བྱས་རྗེས་ཆེན་པོ་འཇོག་པའི་འཐབ་ཇུས་གོ་སྐབས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“འགག་རྩའི་ཁྱབ་ཁོངས་ལ་དམ་པོར་བསྟུན་ནས་སྒྱུར་བཅོས་ཀྱི་ཇུས་འགོད་ཡག་པོ་སྒྲུབ་པ་དང་། མགྱོགས་ལ་བརྟན་པོའི་སྒོ་ནས་མདུན་དུ་སྐྱོད་པ། རེ་སྒུག་བབ་ལྟའི་ཁྲོད་སྒྱུར་བཅོས་ཀྱི་གོ་སྐབས་བཟང་པོ་ཤོར་མི་རུང་བ། སྒྱུར་བཅོས་ཀྱི་འཕེལ་རིམ་ནར་འགྱངས་བྱེད་མི་རུང་བ”བཅས་ཀྱི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་སྐབས་བསྟུན་ཇུས་འགོད་བྱེད་པ་དང་། སྐབས་བསྟུན་བྱ་སྤྱོད་སྤེལ་བ། འཕེལ་ཕྱོགས་དང་བསྟུན་ནས་བྱས་རྗེས་འཇོག་པ། དཀའ་གནད་སེལ་བའི་སྒྱུར་བཅོས་ཀྱི་སྐུལ་འདེད་པ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་བྱས་རྗེས་འཇོག་པའི་ལས་སྐྲུན་པ། འཁུར་པོ་ལྕི་པོ་འཁུར་མཁན་དངོས་སྒྲུབ་མཁས་ཅན་བཅས་བྱས་ཚེ། ང་ཚོས་ལས་སྒྲུབ་ལས་སྐྲུན་གྱི་ཡངས་བའི་གར་སྟེགས་ཐོག་གནོང་འགྱོད་མེད་པའི་འབད་འཐབ་ཀྱི་རྐང་རྗེས་འཇོག་ཐུབ་པ་དང་། དུས་རབས་དང་མཉམ་དུ་ཡར་རྒྱས་འགྲོ་བའི་འཕེལ་རྒྱས་ཀྱི་ལེའུ་རྩོམ་ཐུབ།