དབུ་ཤོག>གསར་འགྱུར།
  • མཚོ་བོད་ལྕགས་ལམ་རི་ཁྲི་རི་བོའི་ཕུག་ལམ་དུ་སྲུབས་མེད་ལྕགས་ལམ་བརྗེས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-25

    ཉེ་ཆར། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་གྱི་འཁྱགས་སའི་ཕུག་ལམ་ཞེས་བརྗོད་པའི་མཚོ་བོད་ལྕགས་ལམ་རི་ཁྲི་རི་བོའི་ཕུག་ལམ་དུ་སྲུབས་མེད་ལྕགས་ལམ་བརྗེས་པ་དེ་ཐོག་ནས་མཚོ་བོད་ལྕགས་ལམ་གྱི་ལོ་མང་འཁྱགས་པ་ཐེབས་པའི་ལམ་ཐིག་བདག་སྐྱོང་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་གྱི་འཁྱགས་སའི་ཁུལ་དུམ་བུར་སྲུབས་མེད་ལྕགས་ལམ་བརྗེས་པ་ལས་ལོ་མང་རིང་གི་འཁྱགས་སའི་ཁུལ་དུམ་བུའི་ལམ་ཐིག་གི་སྤུས་ཚད་མཐོ་རུ་ཕྱིན་པ་དང་། ལས་བཟོ་ས་མཐོར་ངལ་རྩོལ་བྱེད་ཤུགས་ཆུང་དུ་ཕྱིན་པ། ས་མཐོའི་ལྕགས་ལམ་གྱི་བདེ་འཇགས་རང་བཞིན་དང་བརྟན་ལྷིང་རང་བཞིན་མཐོ་རུ་ཕྱིན་ནས་འགྲུལ་པས་མེ་འཁོར་བསྡད་དེ་མཚོ་བོད་ལྕགས་ལམ་ཐོག་སྐྱོད་སྐབས་དེ་བས་བརྟན་ལ། མྱུར་བ་དང་། སྐྱིད་སྣང་དོད་པའི་ཚོར་སྣང་ཡོང་ཐུབ་ཀྱི་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ལྕགས་ལམ་ལམ་ཐིག་གི་སྒྲིག་ཆས་སྤུས་ཚད་མཐོ་རུ་གཏོང་ཆེད་མཚོ་བོད་ལྕགས་ལམ་ཀུང་སིས་2010ལོ་ནས་བཟུང་མཚོ་བོད་ལྕགས་ལམ་གྱི་ཆུ་ནག་ཁ་ནས་གངས་མཐོང་འཁྱགས་སའི་བར་གྱི་ཁུལ་དུམ་བུར་སྲུབས་མེད་ལྕགས་ལམ་གྱི་ཚོད་ལྟའི་ལམ་ཐིག་སྤྱི་ལེ་6བཏིང་བ་རེད། འདི་ལོ་མཚོ་བོད་ལྕགས་ལམ་ཆུ་དམར་ནས་འབྲི་ཆུའི་བར་གྱི་ཁུལ་དུམ་བུར་སྲུབས་མེད་ལྕགས་ལམ་སྤྱི་ལེ་200བརྗེ་བའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དེས་ས་མཐོའི་འཁྱགས་སའི་ཁུལ་དུ་གཞི་ཁྱོན་ཆེ་བའི་ངང་སྲུབས་མེད་ལྕགས་ལམ་བརྗེ་འགོ་བཙུགས་ཡོད།

    མཚོ་བོད་ལྕགས་ལམ་གྱི་འཁྱགས་སའི་ཁུལ་དུམ་བུར་སྲུབས་མེད་ལྕགས་ལམ་བརྗེས་པ་ནི་སྔར་ཡོད་ཀྱི་སྤྱིར་བཏང་ལྕགས་ལམ་དེ་སྨི་500ཡོད་པའི་འཁོར་ལམ་རིང་པོར་བརྗེ་བ་དང་འཛམ་གླིང་ཐོག་གི་སྔོན་ཐོན་ཆུ་ཚད་ལྡན་པའི་འགུལ་སྐྱོད་རྣམ་པའི་རླུང་གནོན་ཚ་ལ་སྤྱད་དེ་འཁོར་ལམ་རིང་པོ་མཐུད་བརྒྱབ་ནས་ལྕགས་ལམ་གྱི་མཐུད་མཚམས་ཁག་གི་སྲུབས་མེད་པར་བཟོས་ཐོག་མཐར་སྲུབས་མེད་ལྕགས་ལམ་དུ་མཐུད་རྒྱག་གི་ཡོད་པ་རེད།

    ཨར་རྒྱག་བྱེད་རིང་མཚོ་བོད་ལྕགས་ལམ་ཀུང་སིས་མཐོ་གྲང་གསོ་རླུང་མི་འདང་བ་དང་ཨར་རྒྱག་དཀའ་ཚད་ཆེ་བ་སོགས་ཀྱི་དཀའ་གནད་མང་པོ་ཁྱད་དུ་བསད་དེ་རིང་ཚད་སྨི་500ཡོད་པའི་འཁོར་ལམ་དེ་སྨི་2000ཡོད་པའི་འཁོར་ལམ་རིང་པོར་མཐུད་བརྒྱབ་ཐོག་འཁོར་ལམ་བརྗེ་བའི་འཕྲུལ་འཁོར་བེད་སྤྱད་དེ་ཕུག་ལམ་ནང་ལྕགས་ལམ་བརྗེ་བའི་ལས་དོན་སྤེལ་ནས་མི་ཤུགས་ཀྱི་ལས་འབོར་ཡང་དུ་བཏང་བར་འཁོར་ལམ་བརྗེ་བའི་ཨར་རྒྱག་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ནུས་ཆེའི་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་པ་མ་ཟད། མེ་འཁོར་རྒྱུན་ལྡན་ལྟར་འཁོར་རྒྱུག་བྱ་རྒྱུར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་ཡང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།