དབུ་ཤོག>གསར་འགྱུར།
  • ལྗོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པས་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་ལས་དོན་སྐོར་གྱི་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-25

    ཚེས་22ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པས་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་ལས་དོན་སྐོར་གྱི་སྙན་ཞུའི་ཚོགས་འདུ་འཚོགས་ནས་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་བརྡ་ཁྱབ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ལོ་སྨད་རིང་གི་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་ཐད་ཀྱི་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཕེབས་པ་དང་སྦྲགས་གཏམ་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་ང་ཕོད་འཇིགས་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་སྙན་སེང་ཡང་ཞུས་པ་རེད།

    ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པས་རྩ་འཛུགས་དང་འབྲེལ་གཏུག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྣམ་གྲངས་སྦྲེལ་མཐུད་ཐད་ཕན་ཚུན་མཐུན་སྦྱོར་དང་འཕེལ་རྒྱས་སྟེགས་བུ་བཏོད་པའི་ཁར། ཚན་པ་ཁག་དང་སྡེ་ཚན་ཁག་གིས་སེམས་ཤུགས་གཅིག་སྒྲིལ་ངང་སྐུལ་འདེད་བཏང་བས་2014ལོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་སྟོན་སྐབས་དང་པོའི་ཐོག་ཁོ་ནར་གན་འཇོག་རྣམ་གྲངས་251འཇོག་ཏུ་བཅུག་པར་སྤྱིའི་མ་འཇོག་སྒོར་དུང་ཕྱུར་2527.77ཟིན་པ་དང་། དེ་དག་ལས་རྣམ་གྲངས་ཁག་ཅིག་ཐོན་སྐྱེད་བྱེད་འགོ་ཚུགས་ནས་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཐོན་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ལོ་སྨད་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་ལས་དོན་དང་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་སྟོན་སྐབས་གཉིས་པའི་གྲ་སྒྲིག་ལས་དོན་ཁག་སྤེལ་བའི་དུས་ཚོད་ཐུང་བའི་ཁར་ལས་འགན་ལྕི་བས་ཚད་མཐོའི་མཐོང་ཆེན་བྱས་ནས་བཀོད་སྒྲིག་ཞིབ་ཚགས་ཀྱིས་ཆེད་དོན་ཚོགས་པ་མགྱོགས་མྱུར་བཙུགས་ནས་ནང་སར་རྣམ་གྲངས་འབྲེལ་མཐུད་བྱེད་པར་བསྐྱོད་དེ་ལས་དོན་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ལེགས་ཆའི་ཁྱབ་ཁོངས་ལ་གཞིགས་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་པ་ཁག་དང་སྡེ་ཚན་ཁག་གིས་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། ཞབས་ཞུའི་འབྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཚོང་འགུགས་མ་འདྲེན་གྲུབ་འབྲས་ཆེ་རུ་བཏང་སྟེ་ཚོང་འགུགས་མ་འདྲེན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་ཧུར་ཐག་སླེབས་པ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།