དབུ་ཤོག>གསར་འགྱུར།
  • ​ བོད་ལྗོངས་ཀྱི་བཟོ་ཚོང་སྡེ་ཚན་གྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཞབས་ཞུ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-24

    2014ལོ་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་ལས་ཁུངས་ཀྱིས་སྒྱུར་བཅོས་ལ་བརྟེན་ནས་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ། སྒྱུར་བཅོས་ཀྱི་ཕན་པ་ཐོབ་པ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགྲོ་ལུགས་སྟབས་བདེ་རུ་དང་ཐོན་ཁུངས་སྤྱད་ནས་མ་དངུལ་བསྐྱལ་རྒྱུ་ཁས་ལེན་བྱེད་པའི་འཇུར་མིག་མེད་པ་བཟོས་པ།

    “སྡོད་ཁང་ནི་བཟོ་ཚོང་ཐོ་འགོད་ཀྱི་ལྟེ་བའི་ཆ་རྐྱེན་གྲས་ཤིག་ཡིན་པ་དེ་ཁྲོམ་རའི་བྱེད་པོ་ཚང་མ་དང་འབྲེལ་ཡོད། འགན་དབང་ཁ་གསལ་དང་དོ་དམ་ནུས་ལྡན་གྱི་རྩ་དོན་ལྟར། ང་ཚོས《ཁེ་ལས་སྡོད་ཁང་གི(གཉེར་སྐྱོང་ཁང)ཐོ་འགོད་དོ་དམ་གཏན་འབེབས》བཟོས་ནས་བཏོན་ཏེ་རེ་ཞུ་མཁན་གྱིས་སྡོད་ཁང་གི་ངོ་སྤྲོད་སྤྱད་ཚེ་ཐོ་འགོད་བྱེད་ཆོག་པ་དང་། གནས་གཅིག་ལ་ལས་གཉེར་ལག་ཁྱེར་མང་བ་དང་ལས་གཉེར་ལག་ཁྱེར་གཅིག་ལ་གནས་མང་བ་སོགས་བྱེད་ཆོག”ཅེས་ལྗོངས་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད།

    སྡོད་ཁང་གི་ཐོ་འགོད་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་རང་དགར་འཇོག་པའི་སྡོད་ཁང་འབོར་ཆེན་དང་གནས་སྐབས་བདག་དབང་རག་མེད་རུང་གཉེར་སྐྱོང་གི་ཆ་རྐྱེན་འཛོམས་པའི་སྡོད་ཁང་བེད་སྤྱོད་བྱས་ནས་ད་ཡོད་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་བྱ་གཞག་གསར་གཏོད་ཀྱི་མ་གནས་ཆུང་དུ་ནུས་ལྡན་བཏང་ཡོད།

    ཐོ་འགོད་མ་དངུལ་བསྐྱལ་རྒྱུ་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་པའི་ཐད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི《མ་དངུལ་ཐོ་འགོད་ལམ་ལུགས་སྒྱུར་བཅོས་འཆར་གཞི་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལྟར་ན་ནིང་གི་ཟླ་3པ་ནས་བཟུང་དངུལ་རྩའི་སྒྲིག་གཞི་དང་དངུལ་འཛིན་ཀུང་སི་སོགས་ཀུང་སི་ཁག་27ཕུད་རང་ལྗོངས་ཀྱིས་རིགས་ཁག་གི་ཀུང་སི་གཞན་ལ་ཐོ་འགོད་མ་དངུལ་བསྐྱལ་རྒྱུ་ཁས་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་ཐོ་འགོད་མ་དངུལ་གྱི་ཆ་རྐྱེན་ལྷུག་ཏུ་བཏང་ཡོད།

    ལྗོངས་བཟོ་ཚོང་ཅུས་ཀྱི་འགན་འཁུར་བས་དཔེ་དྲངས་ནས“སྒྱུར་བཅོས་མ་བྱས་གོང་དང་བསྡུར་ན་2014ལོའི་ཟླ་གསུམ་པ་ཚུན་དུ་མ་རྩ་དངོས་བཤེར་སྙན་ཞུ་མེད་པ་བཟོས་པ་ཁོ་ནར་ཁེ་ལས་ལ་སྒོར་ཁྲི་1844གྲོན་ཆུང་ཐུབ་ཡོད”ཅེས་བཤད།

    “སྔོན་ལ་གཉེར་སྐྱོང་ལག་ཁྱེར་སྤྲོད་པ་དང་རྗེས་སུ་ཆོག་འཐུས་ལག་ཁྱེར་གཉེར་རྒྱུའི”ཉམས་མྱོང་བསགས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱིས་ཕན་ནུས་ཆེ་རུ་བཏང་བ།

    ལས་གཉེར་ལག་ཁྱེར་བཟོ་དཀའ་བ་དང་བཟོ་འགོར་བ་ནི་ཁྲོམ་རའི་བྱེད་པོར་ལོ་མང་འགོག་རྐྱེན་བཟོ་བའི་གནད་དོན་རྙིང་པ་ཞིག་ཡིན། “ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དང་སྟག་རྩེ་བཟོ་ལས་གླིང་གིས“སྔོན་ལ་གཉེར་སྐྱོང་ལག་ཁྱེར་སྤྲོད་པ་དང་རྗེས་སུ་ཆོག་འཐུས་ལག་ཁྱེར་གཉེར་རྒྱུའི”ཚོད་ལྟའི་སྒྱུར་བཅོས་ལས་དོན་སྤེལ་བ་བརྒྱུད་ཐོ་འགོད་ཀྱི་བརྒྱུད་རིམ་ཉུང་དུ་དང་འཇུག་འཐུས་ཆ་རྐྱེན་ལྷུག་ཏུ་ཕྱིན་པ་མ་ཟད། འདི་ལོ་ལྗོངས་ཡོངས་སུ་སྒྱུར་བཅོས་བྱ་རྒྱུའི་ཐད་རྩ་ཆེའི་ཉམས་མྱོང་བསགས་ཡོད”ཅེས་ལྗོངས་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།

    སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི་རྩ་དོན་དང་ནང་སའི་ཉམས་མྱོང་དཔེར་འཛིན་པའི་རྨང་གཞིའི་ཐོག་2014ལོའི་ཟླ་5པར་ལྗོངས་བཟོ་ཚོང་ཅུས་ཀྱིས་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་འབུལ་དགོངས་སྐོར་ཞུས་ནས《“སྔོན་ལ་་གཉེར་སྐྱོང་ལག་ཁྱེར་སྤྲོད་པ་དང་རྗེས་སུ་ཆོག་འཐུས་ལག་ཁྱེར་གཉེར་རྒྱུའི”ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཇུས་གཞི》མཆན་བཀོད་བརྒྱུད་སྤྲོད་བྱས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྣོད་བཅུད་བདེ་འཇགས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པའི་སྔོན་ཚུད་ཆོག་འཐུས་རྣམ་གྲངས་61སོར་འཇོག་བྱས་པ་ཕུད་དེ་མིན་གྱི་སྔོན་ལ་ཞིབ་བཤེར་ཆོག་མཆན་ཐོབ་པ་ཚང་མ་རྗེས་ཀྱི་ཞིབ་བཤེར་ཆོག་མཆན་བྱ་རྒྱུར་བསྒྱུར་ཡོད།

    སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་སྟབས་བདེ་རུ་བཏང་ནས་ཐོ་འགོད་ཕན་ནུས་ཆེ་རུ་བཏང་བ། སྲིད་འཛིན་ཞིབ་མཆན་རྣམ་གྲངས་ཁག་གཅིག་མེད་པ་བཟོ་བ་དང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དོན་འཁྱོལ་ནན་པོ་བྱ་ཆེད་རང་ལྗོངས་ཀྱི་ཁག་དང་པོའི་མེད་པ་བཟོ་བ་དང་རྒྱབ་སྐྱེལ་དུ་གསལ་པོ་བསྒྱུར་བའི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་31དང་ཁག་གཉིས་པའི་རྣམ་གྲངས་82ཡོད། དེ་དང་ཆབས་ཅིག་ཐོ་འགོད་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་ཁེ་ལས་ཀྱིས་རེའུ་མིག་བཀོད་འབུལ་བྱེད་པའི་ཐོ་འགོད་དཔྱད་གཞི་དེ་65ནས་30བར་ཉུང་དུ་ཕྱིན་པ་དང་ཡིག་ཆ་ཚད་ལྡན་བྱ་རྒྱུ་དེ་རིགས་87ནས་58བར་ཉུང་དུ་ཕྱིན་ཡོད། ཐོ་འགོད་ཀྱི་དབང་ཆ་གཤམ་སྤྲོད་བྱས་པའི་ནང་ཚོགས་པ་དང་། མ་རྐང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པ་སོགས་ཁེ་ལས་ཕུད་དེ་མིན་ཁེ་ལས་ཀྱིས་ཁོངས་གཏོགས་ཁུལ་གྱི་བཟོ་ཚོང་ཡན་ལག་ཅུས་དང་རྫོང་ཅུས་སུ་ཐོ་འགོད་བྱས་ན་འགྲིག

    ཆ་འཕྲིན་ཡོངས་བསྒྲགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྱུར་བཅོས་ཁེ་སྤོགས་ཕྱོགས་བཞིར་ཁྱབ་པ།

    “རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག》གི་བླང་བྱ་ལྟར་ང་ཚོས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་སྒྱུར་བཅོས་ཀྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་ས་བཀྲ་བཟོས་ནས་ཛ་དྲག་གི་གྲ་སྒྲིག་བྱས་པ་བརྒྱུད་2014ལོའི་ཟླ་10པའི་ཚེས་1ཉིན་དངོས་སུ་ཤར་གཏོང་ཐུབ་པ་དང་སྦྲགས་བོད་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་ཐོག་དངོས་སུ་སྤྱོད་འགོ་ཚུགས་ཏེ་སྤྱི་ཚོགས་སུ་དུད་ཚང་ཁྲི་14.72ཀྱི་ཁྲོམ་རའི་བྱེད་པོའི་ཐོ་འགོད་ཆ་འཕྲིན་ཡོངས་བསྒྲགས་བྱས་ཡོད། ད་བར་མ་ལག་དེས་འདྲི་རྩད་བྱེད་ཚད་ཐེངས་ཁྲི་586ལས་བརྒལ་ནས་ཁེ་ལས་ཡིད་རྟོན་ཆ་འཕྲིན་གྱི་སྤྱི་དམངས་ཀྱི་དགོས་མཁོ་ནུས་ལྡན་བསྐངས་ཡོད”ཅེས་ལྗོངས་བཟོ་ཚོང་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས།

    དེ་དང་ཆབས་ཅིག་ཁེ་ལས་ཀྱི་ལོ་བཤེར་དེ་ལོ་རེའི་སྙན་ཞུའི་ཡོངས་བསྒྲགས་སུ་བསྒྱུར་རྗེས་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་གཏོད་དང་། ཁྲོམ་རར་སྐོར་ཞིབ་དེ་གཙོ་གནད་ཟུར་བཤེར་དུ་ཧུར་ཐག་སྒྱུར་བ། ཆ་འཕྲིན་ཡོངས་བསྒྲགས་དང་། ཆ་འཕྲིན་མཉམ་སྤྱོད། ཡིད་རྟོན་ཚོད་འཛིན་བཅས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་ཀྱིས་ལྟེ་བར་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་པ་གྲུབ་བཞིན་ཡོད་ཅིང་། མིག་སྔའི་བར་ལྗོངས་ཡོངས་སུ་ཁྲོམ་རའི་གཙོ་གཟུགས་དུད་ཚང་ཁྲི་13ལྷག་ཙམ་གྱིས་ལོ་རེའི་སྙན་ཞུ་ཕུལ་བ་དང་ཡོངས་བསྒྲགས་བྱས་པའི་ནང་2013ལོ་འཁོར་ལ་དུད་ཚང་ཁྲི་7.8དང་2014ལོ་འཁོར་ལ་དུད་ཚང་ཁྲི་5.2ཀྱིས་ལོ་རེའི་སྙན་ཞུ་ཕུལ་བ་དང་ཡོངས་བསྒྲགས་བྱས་ནས་ལོ་རེའི་སྙན་ཞུ་ཕུལ་ཚད་53.21%དང་35.57%སོ་སོར་ཟིན་ཏེ་ཡིད་རྟོན་རང་གཅུན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།