དབུ་ཤོག>གསར་འགྱུར།
  • ཚལ་སྣེ་ཤང་གིས་དེང་རབས་ཞིང་ལས་ལ་བརྟེན་ནས་གྲོང་གསེབ་འཕོ་འགྱུར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-24

    193395_yis_1437373901335.jpg

    ཆུ་ཤུར་རྫོང་ཚལ་ས་སྣེ་ཤང་གིས་བཏབ་པའི་མེ་ཏོག་ཡུས་ཅིན་ཞང་ཉེ་རིང་གང་སར་སྐད་གྲགས་ཆེན་པོ་ཡོད་པ་རེད། ལོ་ལྟར་མེ་ཏོག་བཞད་པའི་དུས་སུ་ཚལ་སྣེ་ཤང་ནི་ལྷ་གོང་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་ཆེས་མཛེས་སྡུག་ལྡན་པའི་ས་ཆ་ཞིག་རེད། འདི་ནི་ཚལ་སྣེ་ཤང་གིས་བཏབ་པའི་མེ་ཏོག་ཡུས་ཅིན་ཞང་ཡིན་པ།

    དབྱར་དུས་ཀྱི་ལྷ་སར་ཉི་འོད་རབ་ཏུ་བཀྲ་ཞིང་། ཡུལ་ལྗོངས་ལྟ་ན་སྡུག་ལ་ཡིད་དུ་འོང་། རླངས་འཁོར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་མ་སླེབས་གོང་ནས་དྲི་མ་མངར་སིལ་སིལ་ཞིག་སྣ་བར་འཐུལ་ཡོང་ཞིང་། དེ་མ་ཐག་མེ་ཏོག་གི་ཞིང་ས་ཆེན་པོ་ཞིག་ང་ཚོའི་མིག་ལམ་དུ་མངོན་བྱུང་།

    སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་ཚལ་སྣེ་ཤང་གིས་ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ན། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་ས་གཙང་ལྷད་མེད་ཐོན་ལས་ཀྱི་སྐུལ་ཁྲིད་འོག ཚལ་སྣེ་ཤང་ལ་འཕོ་འགྱུར་ཆེན་པོ་ཕྱིན་ནས་སྔོན་ཆད་སྐད་གྲགས་ཡོད་པའི་དབུལ་ཕོངས་ཀྱི་ཤང་དེ་ད་ཆ་གང་སར་སྐད་གྲགས་ཆོད་པའི་ཤང་ཕྱུག་པོ་ཞིག་ཏུ་གྱུར་འདུག

    ད་ཆའི་ཚལ་སྣེར་མེ་ཏོག་རྣམ་པར་བཞད་པ་དང་། ཁམ་བུ་དང་ལི་ཙིའི་དྲི་ཞིམ་གང་ས་ནས་འཐུལ་བ། འགྲོ་ལམ་ཡངས་ཤིང་རྒྱ་ཆེ་བ། ལམ་ངོས་གཙང་ཞིང་གྲལ་འགྲིག་པ། ཐོག་སོ་ཉིས་ལྡན་གྱི་ཁང་པ་ཚར་དུ་དངར་བ་སོགས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་འདུག

    ལྷ་སའི་ཁྲོམ་རའི“ཚལ་ཁུངས”

    ཚལ་སྣེ་ཤང་ནི་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཏེ། ལྷ་ས་ནས་གུང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ་འགྲམ་དུ་གནས་ཤིང་། ལྷ་ས་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་24ཡོད། 2011ལོར་བོད་ཀྱི་མྱུར་བགྲོད་གཞུང་ལམ་ཨང་དང་པོ་ཡིན་པའི་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཚལ་སྣེ་ཤང་གི་འཕེལ་རྒྱས་ཀྱི་གོམ་སྟབས་ལ་འགྱུར་ལྡོག་ཕྱིན་ཡོད།

    ཚལ་སྣེ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་གྲུབ་ཀྱིས་གསར་འགོད་པར། དེ་ཡང་བོད་རྙིང་པར་ས་ཞིང་གི་ས་རྒྱུ་ཞན་པས་ས་ཞིང་དུ་རྩ་བའི་ཆ་ནས་སྔོ་ཚལ་སྐྱེ་གི་མེད། སྔོ་ཚལ་སྐྱེས་པ་ཡིན་ནའང་མངའ་བདག་ལ་སྐྱེལ་བར་འགྲོ་དགོས་ཀྱི་ཡོད་པས་མི་དཀྱུས་མ་རྣམས་ཀྱིས་སྔོ་ཚལ་ཟ་བའི་བསམ་བློ་གཏོང་བ་དེ་ནི་སྟོང་བསམ་ཞིག་རེད། འོན་ཀྱང“བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད” དེ་ཡང་ཞི་བས་བཅིངས་འགྲོལ་བཏང་རྗེས་དང་། ལྷག་པར་དུ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས། མང་ཚོགས་ཚོར་རང་ཉིད་ལ་དབང་བའི་ས་ཞིང་ཡོད་པས། གཞི་ནས་རང་ཉིད་ལ་དབང་བའི་སྔོ་ཚལ་འདེབས་ཀྱི་ཡོད་ལ། སྔོ་ཚལ་ཟ་རྒྱུ་བྱུང་ཡོད། “འོན་ཀྱང་ཚལ་རིགས་སྣ་ཁ་ཉུང་ཞིང་མང་ཆེ་བ་ནི་ལ་ཕུག་དང་། ཞོག་ཁོག པད་ཚལ་བཅས་རེད” ཅེས་ཤོད་ཀྱི་འདུག

    བསམ་གྲུབ་ཀྱིས་གསར་འགོད་པར། སྔོན་ཆད་ལ་ཕུག་དང་ཚགས་ཤ་རྡོག་བཙོས་བརྒྱབ་པ་ནི་མང་ཚོགས་ཀྱིས་དགའ་ཤོས་བྱེད་པའི་ཚལ་ཞིག་རེད། འོན་ཀྱང་ད་ལྟ་མང་ཚོགས་ཀྱི་ཅོག་ཙེའི་སྟེང་གི་བཟའ་བཅར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ནས་སྔོ་ཚལ་སྣ་ཚོགས་མཐོང་རྒྱུ་ཡོད། “དེ་ནི་སྒྱུར་བཅོས་སྒོ་དབྱེའི་བཀའ་དྲིན་རེད”ཅེས་ཤོད་ཀྱི་འདུག

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། སྔོ་ཚལ་དྲོད་ཁང་ཆེན་པོ་ནི་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་བཞིན་བོད་ཀྱི་ས་གཞི་ཆེ་མོའི་ཐོག་གང་སར་ཐོན་པ་དང་། སྔོ་ཚལ་དྲོད་ཁང་ཆེན་པོ་ཡོད་པས་ཚལ་སྣེ་ཤང་གི་མང་ཚོགས་ཚོས་སྔོ་ཚལ་སྣ་གཅིག་བཟའ་བའི་ལོ་རྒྱུས་མཇུག་འགྲིལ། མ་གཞི་ད་དུང་འབྱོར་ཕྱུག་དང་ཧེ་བག་ཕྲན་ཙམ་འཛོལ་ཡོད་མོད། འོན་ཀྱང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཚལ་སྣེ་ཤང་ནས་ལྷ་ས་གྲོང་ཁྱེར་ཁུལ་བར་སྐྱོད་པའི་དུས་ཚོད་ཇེ་ཐུང་དུ་སོང་ཞིང་། “སྔོན་ཆད་སྔ་དྲོ་གཅིག་སྐྱོད་དགོས་པའི་ལམ་དེར་ད་ཆ་སྐར་མ་20ལས་འགོར་གྱི་མེད་པས། མང་ཚོགས་ཚོས་སྟབས་ཧ་ཅང་བདེ་རུ་ཕྱིན་འདུག་ཅེས་ཤོད་ཀྱི་འདུག” གཞུང་ལམ་ཤར་གཏོང་ཐུབ་པར་བརྟེན་མང་ཚོགས་ཚོས་རང་ཉིད་ཀྱི་ཞིང་དུ་བཏབ་པའི་སྔོ་ཚལ་རྣམས་རྒྱུན་ཆད་མེད་པར་ལྷ་སར་དབོར་གྱི་ཡོད་སྟབས། ཡོང་འབབ་ཇེ་མང་དུ་སོང་ནས་འཚོ་བ་ཕྱུག་པོ་ཞིག་ཀྱང་སྐྱེལ་རྒྱུ་བྱུང་ཞེས་བསམ་གྲུབ་ཀྱིས་དགའ་ཚོར་ཆེན་པོའི་སྒོ་ནས་ཤོད་ཀྱི་འདུག

    རྣམ་པར་བཞད་པའི“མེ་ཏོག་ལྡུམ་ར”

    ཕྱུག་པོ་ཆགས་རྗེས་མུ་མཐུད་ཡར་བརྩོན་བྱེད་དགོས་ཞེས་པ་ལྟར། དབུལ་པོའི་གནས་ལས་སྒྲོལ་རྗེས། ཚལ་སྣེ་ཤང་གི་མང་ཚོགས་ཚོས་འབྱོར་འབྲིང་འཚོ་བ་བརྩོན་ལེན་བྱེད་པའི་གོམ་སྟབས་སྤོ་མཚམས་བཞག་མེད།

    ད་ཆ་ཚལ་སྣེ་ཤང་གི་མང་ཚོགས་ཚོས་མེ་ཏོག་དང་ཤིང་འབྲས་ལས་རིགས་གཉེར་འགོ་ཚུགས་ཡོད་དེ། ནང་སའི་ས་ཆ་མང་པོ་ཞིག་གིས་མེ་ཏོག་དང་ཤིང་འབྲས་བཏབ་པར་བརྟེན་ནས་ཕྱུག་པོ་ཆགས་པ་གོ་ཐོས་བྱུང་བས། ང་ཚོས་ཀྱང་ཚོད་ལྟ་ཞིག་བྱས་པ་ཡིན། 2013ལོར་ཚལ་སྣེ་ཤང་གིས་ནང་ས་ནས་རྒུན་འབྲུམ་དང་། མེ་ཏོག་ཡུས་ཅིན་ཞང་། བཟའ་བྱའི་རྒྱ་སེ། སྣུམ་སྤྱོད་མེ་ཏོག་པདྨ། དྲི་ཆབ་ལུག་མཉེ་སོགས་སོགས་ནང་འདྲེན་བྱས་ཤིང་། མ་གཞི་ཚོད་འདེབས་ཀྱི་དུས་འགོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་མེད། འོན་ཀྱང་ཚང་མའི་སེམས་ཤུགས་ཉམས་མེད། དེ་ལས་ལྡོག་སྟེ་གྲུབ་འབྲས་ཐོབ་པའི་ཡིད་ཆེས་ཆེ་རུ་སོང་ཡོད། རིམ་བཞིན་ཚལ་སྣེ་ཤང་གིས་བཏབ་པའི་ཤིང་འབྲས་ལྷ་ས་གྲོང་ཁྱེར་གྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ནས་འཚོང་འགོ་ཚུགས་པ་དང་། མེ་ཏོག་ཀྱང་མེ་ཏོག་ཚོང་ཁང་དང་སྤྱི་གླིང་ཆེ་གྲས་ཁག་ནས་འཚོང་འགོ་ཚུགས་ཡོད། དེ་བས་གལ་ཆེ་བ་ཞིག་ནི། “ཚལ་སྣེའི” སྤུས་རྟགས་ལ་མི་དེ་བས་མང་བས་དགའ་པོ་བྱེད་ཀྱི་ཡོད།

    ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་ར་ལས་ཚལ་སྣེ་ཤང་གི་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་ཞིག་ཐོབ་པ་དང་ཆབས་གཅིག་ཁོ་ཚོའི་སྤོབས་སེམས་ཀྱང་ཆེ་རུ་སོང་ཡོད། ལོ་ལྟར་མེ་ཏོག་བཞད་པའི་སྐབས་སུ་ཚལ་སྣེ་ནི་ལྷ་ས་ནས་གོང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ་གཡས་གཡོན་གྱི་ཆེས་མཛེས་ཤོས་ཀྱི་ས་ཆ་ཞིག་རེད། ད་ཆ་ཚལ་སྣེ་ཤང་དུ་མེ་ཏོག་ལ་ལྟ་བ་དང་། མེ་ཏོག་ཉོ་བར་ཡོང་བ་ནི་ལྷ་སའི་གྲོང་མིའི་དུས་ཆེན་དང་གུང་གསེང་རིང་གི་གདམ་ག་ཞིག་ཏུ་གྱུར། འོན་ཀྱང་ཚལ་སྣེ་ཤང་གི་མང་ཚོགས་རྣམས་ཀྱིས་དེར་བློ་ཡིད་ཚིམས་ནས་བསྡད་མེད། ད་ཆ་ཁོང་ཚོས་དེར་རྒྱལ་ཁབ་རིམ་པའི་AAAརིམ་པའི་མཛེས་ལྗོངས་ཁུལ་ཞིག་གཏོད་ཐུབ་པའི་འདུན་པ་ཆེན་པོ་འཆང་བཞིན་ཡོད། 2014ལོར་ཤང་དེས་མེ་ཏོག་ཡུས་ཅིན་ཞང་གི་དུས་ཆེན་སྐབས་དང་པོ་དེ་གྲུབ་འབྲས་ཐོབ་པའི་ངང་གཉེར་བས་མེ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་བ་བཞིན་ཚལ་སྣེ་ཤང་ཉེ་རིང་གང་སར་སྐད་གྲགས་ཆོད། དེ་དང་ཆབས་ཅིག་ཤང་དེས་མཛེས་ལྗོངས་ཁུལ་དེ་སྒྲོག་ཐག་ཏུ་བྱས་ནས་བོད་ཀྱི་རྨོ་འདེབས་དང་བོད་སྨན་སྨན་རྩྭའི་རྟེན་རྫས་བཤམས་མཛོད་ཁང་དང་། ཡུལ་ཟོག་ཐོན་རྫས་འགྲེམས་སྟོན་དང་ཕྱིར་ཚོང་ལྟེ་གནས་ལས་སྟེགས་ཤིག་བཏོད།

    ཁྱད་ལྡན་འདེབས་འཛུགས་ལས་རིགས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་ཤང་དེས་ས་གཙང་ལྷད་མེད་ཐོན་ལས་ཀྱི་སྤུས་རྟགས་བཏོད་དེ་ས་གཙང་ལྷད་མེད་ཐོན་ལས་ཀྱང་གཉེར། ས་གཙང་ལྷད་མེད་ཐོན་ལས་གཉེར་འགོ་ཚུགས་ཚུན། ཚལ་སྣེ་ཤང་དེང་རབས་ཞིང་ལས་ཚན་རྩལ་གླིང་སྟེགས་བུར་བཟུང་ནས་ཚལ་སྣེ་ཤང་སྐྱེ་ལྡན་ལོ་ཏོག་འདེབས་འཛུགས་ཚོད་ལྟའི་རྟེན་གཞིས་གངས་ཁམ་དང་། མཱ་ཁ། སྐྱེ་ལྡན་རྡོ་ཐ་སོགས་དཔལ་འབྱོར་ལོ་ཏོག་གསར་པ་མང་པོ་ནང་འདྲེན་བྱས་ནས་ཚོད་འདེབས་བྱས་པས་ཚང་མ་ཡག་པོ་སྐྱེས། ད་དུང་དེ་སྔའི་རྨང་གཞིའི་ཐོག་2014ལོའི་ཟླ་4རྟེན་གཞི་དེས་འདེབས་འཛུགས་རྒྱ་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་རྩྭ་ཤུན་དབྱི་སོགས་སྨན་རྩྭ་སྣ་ཚོགས་ཚོད་འདེབས་བྱས་པས། གང་དེ་ཆུ་ཤུར་དང་ཐ་ན་ལྷ་སའི་ཞིང་ལས་སྣ་ཁ་གསར་པ་ཚོད་འདེབས་བྱ་ཡུལ་དུ་གྱུར། ཕྱིས་སུ་དེ་ལྷ་སའི“མེ་ཏོག་ལྡུམ་ར”ཆེ་ཤོས་སུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།

    ཚང་མས“མེ་ཏོག་ལྡུམ་ར”དེ་ལས་ཡོང་འབབ་མང་པོ་བྱུང་བ་མཐོང་བས་འདི་ལོའི་ཟླ་3པར་ཚལ་སྣེ་གྲོང་ཚོའི་ཚོགས་ཆུང་བཞི་པའི་གྲོང་མི་བདེ་ཆེན་སྒྲོལ་དཀར་གྱིས་ཀྱང“མེ་ཏོག་ལྡུམ་རར”མེ་ཏོག་འདེབས་འགོ་བཙུགས། མ་འོངས་པའི་སྐོར་གླེང་སྐབས་ཁོང་གིས“ཚང་མར་འདི་ནས་ཡོང་འབབ་བྱུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཡོད་པས། མི་རིང་བར་ང་ལ་ཡང་ཡོང་འབབ་དེ་བས་མང་བ་བྱུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་རྒྱུར་ཡིད་ཆེས་ཡོད”ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཤོད་ཀྱི་འདུག

    ཁྱད་ལྡན་ཐོན་ལས་ཀྱི“དཔེ་སྟོན་གླིང”

    ཁྱད་ལྡན་ཞིང་ལས་གཉེར་བའི་སྐོར་གླེང་སྐབས་ཚལ་སྣེ་ཤང་གི་མང་ཚོགས་ཚོ་སྤོབས་པས་ཁེངས། ཁོང་ཚོར་དངོས་གནས་སྤོབས་པ་གཟེངས་སུ་ཐོན་པའི་མ་རྩ་ལོས་ཡོད་དེ། 2010ལོར་ཚལ་སྣེ་ཤང་དེ་ཉིད་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་52ཀྱི་གྲས་སུ་བདམས།

    ལོ་ལྔའི་འབད་འཐབ་བྱས་པ་བརྒྱུད་ཚལ་སྣེ་ཤང་གི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ནས“དཔེ་སྟོན་གླིང”སྐད་གྲགས་ཅན་ཞིག་ཏུ་གྱུར། དེ་གར“ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལྷ་ས་ཆུ་ཤུར་ས་གཙང་ལྷད་མེད་ཐོན་ལས་དཔེ་སྟོན་རྟེན་གཞི”དང་། “ལྷ་ས་གྲོང་ཁྱེར་ས་གཙང་ལྷད་མེད་ཐོན་ལས་དཔེ་སྟོན་རྟེན་གཞི” “ཆུ་ཤུར་རྫོང་ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི”སོགས་འདུག

    ཚལ་སྣེ་ཤང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་གསར་འགོད་པར། དཔེ་སྟོན་ཁུལ་གྱིས་སྣ་ཁ་གསར་པ་ཚོད་འདེབས་ཁྱབ་གདལ་དང་། ཞིང་ལས་ཐོན་རྫས་ལས་སྣོན་གཏིང་ཟབ། ཞིང་འབྲེལ་ཁེ་ལས་ནང་འདྲེན་བཅས་ལ་ཤུགས་བརྒྱབ་པ་ཙམ་མ་ཟད། ད་དུང་ཚལ་སྣེ་ཤང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ཐད་ལའང་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 2011ལོའི་ཟླ་11ཆུ་ཤུར་རྫོང་དེ་ཉིད་རྒྱལ་ཁབ་ཞིང་ལས་པུས་རེས་སྐོར་གསར་པའི་རྒྱལ་ཁབ་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་དུ་དངོས་སུ་བདམས་ཤིང་། ཆུ་ཤུར་རྫོང་ཚལ་སྣེ་ཤང་དེ་ཉིད་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་ཡིན་པའི་ཆ་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་རྨང་གཞིར་བྱས་ནས་ཐོན་ལས་བར་མཐོངས་བཏོད་པའི་ཁར་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད། ཐོན་ལས་འགན་ལེན་དུ་བྱས་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་དང་ཞབས་ཞུའི་ལེ་ལག་འཐུས་ཚང་དུ་བཏང་བ་མ་ཟད་ད་དུང་ཐོན་ལས་དང་། གྲོང་ཁྱེར་དང་གྲོང་རྡལ། མི་འབོར་བཅས་དབར་གྱི་གསོན་ཤུགས་ཆེ་རུ་ཡང་བཏང་ཡོད་ཅེས་ཤོད་ཀྱི་འདུག

    ཉི་མ་ཚེ་རིང་གིས་ད་ཆ་དཔེ་སྟོན་ཁུལ་དུ་མཱ་ཁའི་མྱུ་གུ་འདེབས་པ་གཙོ་བོར་བྱས་པའི་ཁར། རྒུན་འབྲུམ་དང་གུར་གུམ་སོགས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་རྣམ་པ་ཡག་པོ་ཞིག་ཆགས་ཡོད། གོམ་སྟབས་རྗེས་མར་དཔེ་སྟོན་ཁུལ་འདི་ཉིད་སོན་གསོ་མྱུག་གསོའི་ལྟེ་གནས་དང་མེ་ཏོག་གསོ་སྤེལ་ལྟེ་གནས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་ཤོད་ཀྱི་འདུག

    ཉིན་ཤས་གོང་གསར་འགོད་པ་དཔེ་སྟོན་གླིང་དེར་སྐྱོད་སྐབས་ཚལ་སྣེ་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་བཀྲ་ཤིས་ཕུན་ཚོགས་ཀྱིས་མཱ་ཁའི་མྱུ་གུར་ཆུ་གཏོང་བཞིན་འདུག ཁོང་གིས་གསར་འགོད་པར“ང་དང་ངའི་བཟའ་ཟླ་ཕུར་བུ་སྒྲོལ་མ་གཉིས་ཀས་དཔེ་སྟོན་གླིང་འདི་གར་ལས་ཀ་བྱེད་ཀྱི་ཡོད། ན་ནིང་གླ་ཆ་ཁོ་ན་སྒོར་ཁྲི་2ལྷག་ཙམ་འདུག”ཅེས་ཤོད་ཀྱི་འདུག

    དཔེ་སྟོན་གླིང་གིས་ཉེ་འཁོར་མང་ཚོགས་ཚོའི་ལས་ཞུགས་གནད་དོན་ཐག་བཅད་པ་མ་ཟད། ད་དུང“རིགས་གཅིག་མཁས་ཅན”མང་པོ་ཞིག་ཀྱང་གསོ་སྐྱོང་བྱས་ཡོད། མིག་དམར་ནི་དེའི་ཁྲོད་ཀྱི་གཅིག་རེད། “མཱ་ཁ་འདེབས་པ་ནི་ནས་འདེབས་པ་དང་མི་འདྲ། འགྱིག་ཤོག་དྲོད་ཁང་གི་དྲོད་ཚད་ཅུང་མ་སྙོམས་ན་སྐམ་འགྲོ་གི་འདུག”ཅེས་ནན་ཏན་གྱིས་ཤོད་བཞིན་འདུག ཕར་བལྟས་ན“རིགས་གཅིག་མཁས་ཅན”ཞིག་ཨ་ན་མ་ན་རེད་འདུག

    ཉི་མ་ཚེ་རིང་གིས་གསར་འགོད་པར་དཔེ་སྟོན་ཁུལ་དུ་མིག་དམར་དང་འདྲ་བའི“རིགས་གཅིག་མཁས་ཅན”མང་པོ་མེད་ཀྱང་ཡིན་ན་ཡང་དཔེ་སྟོན་ཁུལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཁོང་དང་འདྲ་བའི“ལུང་པ་དེ་རང་གི་རིགས་གཅིག་མཁས་ཅན”མང་དུ་འགྲོ་རྒྱུ་མ་ཟད་ཁོང་ཚོ་ད་དུང“ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན”ཚོ་ལས་བརྒལ་ཐུབ་པའི་ཡིད་ཆེས་ཡོད། རྒྱུ་མཚན་ནི་ཁོང་ཚོར་བོད་ཀྱི་དོན་དངོས་ལ་རྒྱུས་ཆེན་པོ་ཡོད་པས་རེད། “དེར་དམིགས་ནས་དཔེ་སྟོན་ཁུལ་གྱིས་ཆེད་དུ་གསོ་སྦྱོང་ཁང་བཙུགས་ནས་ཞིང་འབྲོག་མང་ཚོགས་ཚོའི་ལག་རྩལ་གསོ་སྦྱོང་བྱས་ནས་མཐོ་རུ་བཏང་ཡོད” “ཞིང་འབྲོག་མང་ཚོགས་ཀྱིས་འདི་གར་ལས་ཀ་བྱེད་པར་ཉིན་རེར་སྒོར་100རེ་རག་གི་ཡོད། ལག་རྩལ་ལེགས་པར་དེ་ལས་ཀྱང་མཐོ་བ་རག་གི་ཡོད། དངུལ་སྨར་གྱི་ཡོང་འབབ་རག་པས་གྲོང་མི་ཚོས་ཧུར་བརྩོན་དེ་བས་ཆེ་བ་བྱེད་ཀྱི་འདུག འདི་ལོར་ང་ཚོས་ཁྱི་ཤིང་དང་། འཕང་འབྲས་ནག་པོ། པད་མ་སེར་པོ་སོགས་སྣ་ཁ་10ནང་འདྲེན་བྱེད་རྩིས་ཡོད། དཔེ་སྟོན་ཁུལ་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་ཞིང་འབྲོག་མང་ཚོགས་སྔར་བས་མང་པོ་ཞིག་དཔེ་སྟོན་ཁུལ་དུ་ལས་ཀ་བྱེད་པར་ཡོང་རྒྱུར་ཡིད་ཆེས་ཡོད”ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།