དབུ་ཤོག>གསར་འགྱུར།
  • ​ མལ་གྲོ་གུང་དཀར་རྫོང་གཟི་ཕུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་བག་གྲོས་འབབ་འཕར་གྱི་སྐོར་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-23

    “2014ལོར་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་11000ལྷག་ཙམ་ཟིན་པའི་ནང་དངུལ་སྨར་ཡོང་འབབ་སྒོར་7800ཟིན་གྱི་ཡོད། ཡོང་འབབ་གཙོ་བོ་ནི་ཕྱུགས་རིགས་བཤས་གཏོང་བ་དང་། འབྲོག་ལས་ཐོན་རྫས་ཕྱིར་ཚོང་། ཞིང་ཕན་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ། ངལ་ནུས་ཕྱིར་གཏོང་སོགས་ལས་བྱུང་བ་རེད”ཅེས་རླངས་འཁོར་མཛེས་སྡུག་ལྡན་པའི་རི་ལམ་དུ་ཁ་བཀག་ནས་སྡོད་སྐབས། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་བག་གྲོས་གསར་འགོད་པར་བཤད་བྱུང་།

    མལ་གྲོ་གུང་དཀར་རྫོང་གཟི་ཕུག་གྲོང་ཚོའི་འབྲི་གཡག་ནི་བོད་དུ་སྐད་གྲགས་ཆེན་པོ་ཡོད། དེ་བོད་རྙིང་པར་དཔོན་ཆེན་མི་དྲག་ཚོར་བདག་གི་ཡོད་མོད། ད་ཆ་གཟི་ཕུག་གྲོང་ཚོའི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི“མཆོག་ནོར”ཞིག་རེད།

    “ང་ཚོའི་གྲོང་ཚོའིའབྲི་གཡག་མ་གཞི་སྐད་གྲགས་ཆེན་པོ་ཡོད་མོད། འོན་ཀྱང་ཕྱུག་པོ་ཆགས་དགོས་བསམས་ན། འབྲི་གཡག་དེ་ཚོ་ཡག་པོ་གསོ་དགོས། ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་གི་འབྲོག་ལས་འཕེལ་རྒྱས་འགྲོ་བ་དང་སྦྲགས་འབྲོག་ལས་ཐོན་རྫས་རིན་ཐང་དེས་གཟི་ཕུག་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱེད་ཀ་བཟུང་གི་ཡོད་པས། དེ་གཙོ་བོ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་བསོད་ནམས་བག་གྲོས་བཤད།

    “གཟི་ཕུག་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4350ཙམ་ཟིན་པ་དང་གཙོ་བོ་འབྲོག་ལས་གཉེར་གྱི་ཡོད། གཟི་ཕུག་གྲོང་ཚོར་འབྲི་གཡག་གསོ་ཚགས་ཀྱི་སྲོལ་རྒྱུན་ཡོད་ནའང་། བོད་རྙིང་པར་ས་ཆ་དང་ཐོན་ཁུངས་དེ་དག་ཚང་མ་ང་ཚོར་བདག་གི་མེད། ང་ཚོའི་ཁྱིམ་དུ་གཅེན་གཅུང་བརྒྱད་ཡོད་ཀྱང་། རང་སོ་སོར་བདག་པའི་ས་ཆ་དང་ཕྱུགས་རིགས་མེད་པས། ཕ་མས་གྲོང་ཚོའི་སྐུ་དྲག་གི་སར་གླ་པ་བརྒྱུགས་ནས་གྲོད་པ་རྒྱགས་ཙམ་ཡོང་གི་ཡོད”ཅེས་བསོད་ནམས་བག་གྲོས་དེ་སྔའི་འཚོ་བ་དྲན་གསོ་བྱེད་ཀྱིན་དུ་བཤད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཚང་མར་ས་ཞིང་དང་ཕྱུགས་རིགས་བགོས་པ་མ་ཟད། གཟི་ཕུག་གྲོང་ཚོའི་འབྲི་གཡག་གི་བདག་པོ་ངོ་མར་གྱུར།

    “དེ་སྔོན་ཚང་མས་འབྲི་གཡག་གསོ་བར་དོ་སྣང་ཆེན་པོ་བྱེད་ཀྱི་མེད། སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་འབྲི་གཡག་གསོ་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བ་ནས་བཟུང་། ད་ཆ་ཚང་མས་གཟབ་ནན་ངང་འབྲི་གཡག་གསོ་བ་མ་ཟད་ཉིན་ལྟར་འབྲི་གཡག་ལ་དུས་གཏན་འཁེལ་གྱིས་ལྟོ་སྟེར་བ་དང་ད་དུང་འབྲི་གཡག་ལ་དྲོད་ལྡན་ལྷས་ར་བརྒྱབ་པ་དང་དུས་མཚུངས་ཚགས་ཤའི་ཐོན་ཚད་དང་སྤུས་ཀ་ལེགས་སུ་གཏོང་ཆེད་ཚང་མས་འབྲི་གཡག་གི་རྒྱུད་པ་ལེགས་གཏོང་དང་གསར་སྒྱུར་ཐོན་བརྗེ་བྱེད་པར་སྣང་ཆེན་བྱེད་ཀྱི་ཡོད། དེ་སྔོན་གྲོང་མི་ཚོས་ཐོག་མཐའ་བར་གསུམ་དུ་རང་སྤེལ་རང་གསོའི་བྱ་ཐབས་སྤྱད་པས་ཐོན་ནུས་ཞན་པ་དང་། གསོ་ཚགས་ཀྱི་མ་གནས་མཐོ་བ། འབྲོག་པའི་ཡོང་འབབ་དམའ་བས་ཕྱུག་པོ་ཆགས་པར་དངོས་གནས་ལས་སླ་པོ་མེད”ཅེས་བསོད་ནམས་བག་གྲོས་བཤད།

    2008ལོ་ནས་བཟུང་རང་སྐྱོང་ལྗོངས་དབུལ་སྐྱོར་དང་ཞིང་ལས་གསར་སྤེལ། ཚན་རྩལ་བཅས་སྡེ་ཚན་གྱིས་གཟི་ཕུག་གྲོང་ཚོར་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་ནས། ཉུང་གཏོང་དང་རྒྱུད་པ་ལེགས་གཏོང་སོགས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་འགོ་ཚུགས།

    འབྲི་གཡག་ཡག་པོ་གསོ་ཚགས་བྱ་ཆེད། གཟི་ཕུག་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ལྷན་གྱིས་སླར་ཡང་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།

    2012ལོར་རྒྱུད་ལེགས་འབྲི་གཡག་གསོ་ཚགས་གཙོ་བོར་བྱེད་པའི་གཟི་ཕུག་གྲོང་ཚོའི་འབྲི་གཡག་མཐུན་ཚོགས་བཙུགས་ཤིང་། མིག་སྔའི་བར་ལག་ཡོད་འབྲི་གཡག་མགོ་གྲངས་9000དང་བ་གླང་མགོ་གྲངས་400ལྷག་དང་། མང་ཚོགས་དུད་ཚང་239དེར་ཞུགས་ནས་དུད་ཚང་རེས་ཕྱུགས་རིགས་39ཡོད་པ་རེད། འབྲི་གཡག་མགོ་གྲངས་1400ལྷག་ཙམ་མང་དུ་ཕྱིན་པ་དང་འབྲི་གཡག་མགོ་གྲངས་560བཤས་བཏང་བར་ཡོང་འབབ་སྒོར་ཁྲི་580རག་པ་རེད།

    “གཟི་ཕུག་གི་འབྲི་གཡག་ནི་གཟི་ཕུག་གྲོང་ཚོའི་རྩ་ཆེའི་ནོར་བུ་ལྟ་བུ་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་ཏང་གི་སྲིད་ཇུས་ལ་བརྟེན་ནས་ཚང་མ་ཕྱུག་པོར་འགྱུར་ཡོད། ད་ཆ་གྲོང་ཚོ་ཡོངས་ལ་རླུང་འཕྲིན་བརྙན་འཕྲིན་ཁྱབ་ཚད་100%དང་། ཁ་པར་ཁྱབ་ཚད་100% སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100% སློབ་གྲྭར་ཡོད་མུས་ཀྱི་ཆེད་ཚན་སློབ་གྲྭ་ཆེན་མོ་བ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་8ཡོད་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་འགན་བཅོལ་གསར་པར་ཞུགས་མཁན་100%ཟིན་ཡོད། མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད”ཅེས་བསོད་ནམས་བག་གྲོས་གྲོང་ཚོའི་འཕེལ་རྒྱས་སྐོར་གླེང་སྐབས་བཤད།

    “སྲིད་ཇུས་བཟང་པོ་དང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་འདི་འདྲ་ཡོད་པས། ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཐུབ་སོང་། ང་ཚོས་མུ་མཐུད་འཕེལ་རྒྱས་གཏོང་བར་བསམ་བློ་གཏོང་དགོས་པ་ལས་དུས་བབ་བཟང་པོ་འདི་ཆུད་ཟོས་སུ་གཏོང་མི་རུང”ཞེས་གཟི་ཕུག་གྲོང་ཚོའི་སྣེ་འཁྲིད་པ་བསོད་ནམས་བག་གྲོས་མ་འོངས་པའི་བདེ་སྐྱིད་འཚོ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།