དབུ་ཤོག>གསར་འགྱུར།
  • བྱ་བཟང་ཏན་ཏིག་སྒྲུབ་པ་དང་བྱ་བ་དངོས་ཡག་པོ་སྒྲུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-22

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ལྗོངས་ནང་ཁུལ་དུ་ལས་ཀ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པས་སྔར་ཡོད་ཀྱི་ལས་ཤག་གིས་ད་ཆའི་ལས་བྱེད་པ་དང་ལས་བཟོ་ཚོའི་འཚོ་སྡོད་ཀྱི་དགོས་མཁོ་བསྐངས་མི་ཐུབ་པའི་གནས་ཚུལ་ཐོན་བཞིན་ཡོད། ཤང་གྲོང་ལས་བྱེད་པ་དང་ལས་བཟོའི་ལས་ཤག་གསར་རྒྱག་བྱས་ཏེ་བོད་དུ་ལས་ཀ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་ཚོ་བློ་བདེའི་ངང་ལས་ཀ་བྱེད་ཐུབ་པ་དང་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ནི་གང་དེའི་ལས་ཀ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་དམངས་འཚོའི་བྱ་ཐབས་ཤིག་རེད།

    ལས་བྱེད་པ་དང་ལས་བཟོའི་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བར་ལས་ཤག་གི་ལས་གྲྭའི་སྤུས་ཚད་ཨང་དང་པོར་འཇོག་དགོས་ཤིང་། སྡོད་ཁང་ནི་ང་ཚོའི་འཚོ་བའི་ཁྲོད་ཀྱི་དངོས་པོ་གཞན་དང་མི་འདྲ་བར་དེའི་ལས་གྲྭའི་སྤུས་ཚད་དེ་མི་རྣམས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པ་མ་ཟད། སྤྱོད་ཡུན་རིང་བས་ཤང་གྲོང་ལས་བྱེད་པ་དང་ལས་བཟོའི་ལས་ཤག་གི་ལས་གྲྭའི་སྤུས་ཚད་དེའང་རང་ལྗོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་གྲས་ཤིག་རེད། འབྲེལ་ཡོད་སྡེ་ཚན་གྱིས་མིག་སྔར་ཤང་གྲོང་ལས་བྱེད་པ་དང་ལས་བཟོའི་ལས་ཤག་སྐྲུན་རིང་འཛུགས་སྐྲུན་རྒྱུ་ཆ་ཉོ་སྒྲུབ་དང་། ཨར་ལས་བྱེད་རིང་། ལས་གྲྭའི་ལྟ་སྐུལ་དོ་དམ། ལས་གྲྭ་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་གྲྭའི་སྤུས་ཚད་འགན་ལེན་ཐུབ་ནས་ལས་བྱེད་པ་དང་ལས་བཟོ་ཚོར་བློ་བདེ་ལ་སྐྱིད་སྣང་དོད་པའི་སྡོད་ཁང་མཁོ་འདོན་བྱེད་ཐུབ་པ་མ་ཟད་ད་དུང་སླད་ཕྱིན་གྱི་ཉམས་གསོའི་འགྲོ་གྲོན་གྲོན་ཆུང་ཐུབ་པ་བྱེད་དགོས།

    ལྟ་སྐུལ་དོ་དམ་གྱི་ལམ་ལུགས་འོས་འཚམ་བཟོས་ནས་ལས་ཤག་གི་ཕན་ནུས་ཆེས་ཆེ་ཤོས་འདོན་པ་དང་བེད་སྤྱོད་ཡུན་རིང་ཐུབ་པ་བྱེད་དགོས་ཤིང་། ཤང་གྲོང་ལས་བྱེད་པ་དང་ལས་བཟོའི་ལས་ཤག་ནི་ལས་བྱེད་པ་དང་ལས་བཟོར་བདག་པའི་རྒྱུ་ནོར་མིན་པ་དང་མི་ཁག་གཅིག་ཁོ་ནར་ཕན་པ་ཐོབ་ཐུབ་པ་ཞིག་མ་ཡིན་པར་ས་མཐོར་ལས་ཀ་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་མི་རབས་མང་པོར་ཕན་པ་ཐོབ་པ་ཞིག་ཡིན་པས་ལས་ཤག་དང་དེ་བཞིན་དེའི་རྨང་གཞིའི་སྒྲིག་བཀོད་ལ་བདག་གཅེས་བྱས་ཏེ་ལས་ཤག་གི་ཕན་ནུས་ཡུན་རིང་ཐོན་པ་བྱེད་པར་དེའི་ནང་སྡོད་མཁན་ཚོས་དོ་སྣང་བྱེད་དགོས་པ་ཞིག་ཡིན། འབྲེལ་ཡོད་སྡེ་ཚན་གྱིས་དུས་བཀག་དང་དུས་ངེས་མེད་ངང་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལམ་ལུགས་བཟོས་ཏེ་སྐྱོན་ཤོར་བ་དུས་ཐོག་ཏུ་ཉམས་གསོ་བྱེད་པ་དང་ཆབས་ཅིག འགན་འཁྲི་གཏན་འཁེལ་བཟོ་དགོས་པ་དང་བཟོ་བཅོས་ཀྱི་གཙོ་གཟུགས་དང་སྡོད་ཁང་གི་གཙོ་གནད་འགན་འཁྲི་ཞིབ་བསྡུར་བྱས་ཏེ་ལས་ཤག་རྒྱུན་གཏན་ལྟར་སྤྱོད་ཐུབ་པ་མ་ཟད་ད་དུང་སྤྱོད་ཡུན་རིང་དུ་གཏོང་ཐུབ་པ་དང་ལས་ཤག་གི་ཆེས་ཆེ་ཤོས་དང་ཡུན་རིང་གི་ཕན་ནུས་འདོན་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།