དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-22

    རང་ལྗོངས་ཀྱིས་2014ལོའི་ཟླ་གསུམ་པར“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”སྤེལ་ཚུན། ཁྲལ་གཉེར་གྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་ཕྱིན་པ། ཁྲལ་གཉེར་གྱི་ཁུར་པོ་ཡང་དུ་ཕྱིན་པ། ཁྲལ་འཇལ་གྱི་ཡིད་རྟོན་བཙུགས་པ། ཁྲལ་བསྡུའི་ཁྲིམས་འཛིན་ཚད་ལྡན་དུ་ཕྱིན་པ་བཅས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    མིག་སྔའི་བར་ལྗོངས་ཡོངས་སུ་རེའུ་མིག་འབྲི་མི་དགོས་པའི་ལས་སྒོ་ཐེངས་ཁྲི་6ལྷག་ཙམ་ལག་བསྟར་བྱས་པར་བརྟེན། ཁྲལ་གཉེར་གྱི་དུས་ཚོད་20%ཡན་ཉུང་དུ་ཕྱིན་པ་དང་། བྱ་བ་སྒྲུབ་པའི་མྱུར་ཚད་50%ཡན་མགྱོགས་སུ་ཕྱིན་པ། སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་བ་10%ཉུང་དུ་ཕྱིན་པ། ཁྲལ་འཇལ་མཁན་གྱིས་ཁྲལ་དང་འབྲེལ་བ་ཡོད་པའི་ལས་དོན་གཉེར་བའི་དུས་ཚོད་20%ཉུང་དུ་ཕྱིན་པ། རིགས་ཁག་གི་ཁྲལ་འབྲེལ་ལས་དོན་འཕྲལ་མར་གཉེར་ཚད་50%ཟིན་ཡོད་པ་རེད།

    ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བརྟན་པོའི་ངང་སྤེལ་བ།

    “མིག་སྔའི་བར་ལྗོངས་ཡོངས་སུ་ཁྲལ་དོན་སྲིད་འཛིན་ཞིབ་མཆན་རང་སོར་བཞག་པའི་རྣམ་གྲངས་དེ་དེ་སྔའི་རྣམ་གྲངས་85ནས་རྣམ་གྲངས་77བར་ཁུ་བསྡུ་བྱས་པས་10%ཉུང་དུ་ཕྱིན་ཡོད། དེའི་ནང་ཁྲལ་དོན་དང་འབྲེལ་བའི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་7མེད་པ་བཟོས་པ་དང་ཁྲལ་འབྲེལ་ལས་རིགས་ཐོབ་ཐང་ཆོག་འཐུས་དང་ངེས་གཏན་ལས་དོན་1མེད་པར་བཟོས་ཡོད། ད་ལྟ་ལག་བསྟར་བྱེད་པའི་ཁྲལ་བསྡུའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། སྲིད་འཛིན་ཞིབ་མཆན་རྣམ་གྲངས་ཁག་གཅིག་ལ‘གཞི་འཛིན་སའི’ཐད་བཟོ་བཅོས་འོས་འཚམ་དང་ཁ་གསབ་བྱས་ཡོད”ཅེས་ལྗོངས་རྒྱལ་ཁྲལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་དེ་ལྟར་བཤད།

    ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཐད་ཁྲལ་འཇལ་ཞབས་ཞུ་ཚད་ལྡན་དུ་གཏོང་རྒྱུ་ནན་ཏན་ངང་ཁྱབ་གདལ་བཏང་ཞིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《རྒྱལ་ཡོངས་ཁྲལ་དོན་ལས་ཁུངས་ཀྱི་ཁྲལ་འཇལ་ཞབས་ཞུ་ཚད་ལྡན》(པར་མ་2.0)ཁྱབ་གདལ་ལས་དོན་གྱི་བླང་བྱ་གཞིར་བཟུང་། པར་མ་1.0དང་པར་མ་2.0མཐུད་སྦྲེལ་དང་ཁྱབ་གདལ་གཏོང་བའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས། ཁྱབ་གདལ་གཏོང་བའི་ལས་དོན་ལས་རྗེས་དཔྱད་ཞིབ་ཀྱི་ཁྱབ་ཁོངས་སུ་འཇོག་རྒྱུ་དང་འབྲེལ། 《རྒྱལ་ཡོངས་ཁྲལ་དོན་ལས་ཁུངས་ཁྲལ་འཇལ་ཞབས་ཞུ་ཚད་ལྡན》(པར་མ་2.0)ལག་བསྟར་བྱེད་ཚུལ་དང་འཕེལ་རིམ་ཕན་འབྲས་ལ་ལྟ་སྐུལ་ཞིབ་བཤེར་དང་མངོན་ཞིབ་ལྐོག་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད།

    འགན་ནུས་བསྒྱུར་རྒྱུར་སྔར་བས་ཤུགས་སྣོན་རྒྱག་ཆེད་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་ལ་ཤུགས་སྣོན་བརྒྱབ་སྟེ《བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱིས་ཁྲལ་དོན་སྲིད་འཛིན་ཆད་གཅོད་དབང་ཆའི་རྩིས་ཐོའི་ལམ་ལུགས་ཁྱབ་གདལ་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་དང་གཙོ་བོ་ཁྲལ་དོན་སྲིད་འཛིན་ཆད་གཅོད་དབང་ཆ་རིགས་དབྱེ་ལས་དོན་དང་ཁྲལ་དོན་སྲིད་འཛིན་ཆད་གཅོད་དབང་ཆའི་ལས་དོན་གྱི་དཀར་ཆག་དང་དབང་ཆ་འཁོར་སྐྱོད་བརྒྱུད་རིམ་སོགས་ཀྱི་ནང་དོན་ལ་དམིགས་པ་དང་མིག་སྔར་གཏན་འབེབས་ཀྱི་བྱེད་ཐབས་གོ་རིམ་དང་འགན་འཁྲི་ཁག་བགོས་གཞིར་བཟུང་། ཁྱབ་གདལ་གྱི་དུས་བཅད་དང་ལས་ཀའི་ལས་འགན་བཞིན་བརྟན་པོའི་ངང་སྤེལ་བཞིན་འདུག

    ཁྲལ་བསྡུ་ཁྲིམས་འཛིན་དབང་ཆའི་རྩིས་ཐོ་ཁྱབ་གདལ་བཏང་ཞིང་། རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”མུ་མཐུད་ཁྱབ་གདལ་གཏོང་ཆེད། ཟླ་གསུམ་པར《ཁག་དང་པོའི་ཁྲལ་དོན་སྲིད་འཛིན་ཆད་གཅོད་དབང་ཆའི་རྩིས་ཐོ་དང་ཁྲལ་དོན་སྲིད་འཛིན་ཆད་གཅོད་དབང་ཆའི་འཁོར་སྐྱོད་བརྒྱུད་རིམ་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་སྤྱི་བསྒྲགས》འགྲེམས་སྤེལ་བྱས་པའི་ནང་རིགས་གསུམ་དང་རྣམ་གྲངས་བརྒྱད་ཀྱི་ཆད་གཅོད་དབང་ཆའི་རྣམ་གྲངས་ཚུད་ཡོད་པའི་ནང་རྩིས་དེབ་དངོས་དཔང་དོ་དམ་རིགས་ཀྱི་ནང་དོན་3དང་། ཁྲལ་འཇལ་རེ་ཞུའི་རིགས་ཀྱི་ནང་དོན་2 ཁྲལ་དོན་ཞིབ་བཤེར་རིགས་ཀྱི་ནང་དོན་3བཅས་ཡོད་པ་རེད།

    འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་དོན་འཁྱོལ་ལ་གཙིགས་ཆེན་བྱས་པ།

    《ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    དྲ་ཚིགས་ཐོག“ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང”གི་ཆེད་བསྒྲིགས་ལེ་ཚན་བཟོས་པ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་དཀར་ཆག་ཁྱབ་བསྒྲགས་བྱས་པའི་ཐོག་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་དུ“ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གྱི་བློ་འདྲིའི་ཞབས་ཞུའི་ལས་གནས”བཙུགས་ཡོད་པ་རེད།

    ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ནན་ཏན་ངང་དོན་འཁྱོལ་བྱས་པ་དང་ཆབས་ཅིག རང་ལྗོངས་ཀྱི་རྒྱལ་ཁབ་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁེ་ལས་ཆེ་གྲས་དང་འབྲེལ་བ་བྱེད་པའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲལ་འཇལ་མཁན་གྱི་ལུགས་མཐུན་དགོས་མཁོ་བསྐངས་ཡོད་པ་རེད།

    ཁྲལ་བསྡུའི་ཁེ་ལས་ཀྱི་མཐོ་རིམ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཁེ་ལས་ཆེ་གྲས་ཀྱི་གནས་གཏན་འཁེལ་གྱི་འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ་དུས་བཀག་ནང་གནས་གཏན་འཁེལ་གྱི་འབྲེལ་གཏུག་ཁེ་ལས་ལ་ཁེ་ལས་ཆེ་གྲས་ཀྱི་ཁྲལ་དོན་ཞབས་ཞུ་དང་ཁྲལ་དོན་ཉེན་ཁ་ཚོད་འཛིན་སོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཏེ་ལྷག་པའི་གནད་དོན་ལ་དམིགས་ནས་ལེགས་སུ་གཏོང་བའི་བྱེད་ཐབས་བཏོན་ཡོད་པ་རེད།

    ཕན་འབྲས་ཆེ་རུ་བཏང་བ་དང་ཁུར་པོ་ཡང་དུ་བཏང་ནས་ཕན་འབྲས་དངོས་ཐོན་པར་བྱས་པ།

    2015ལོའི་ཟླ་4ཚེས་30ཉིན་བར། ལྗོངས་ཡོངས་སུ་དྲ་ཐོག་ནས་ཁྲལ་འཇལ་རེ་ཞུ་བྱེད་མཁན་ཚོང་དུད་3016ཡོད་པ་དང་། བསྡོམས་རྩིས་བྱས་ན་རེ་ཞུ་བྱེད་མཁན་ཚོང་དུད(ཐེངས)52441ཟིན་ནས་མཛོད་འཇུག་ཁྲལ་དངུལ་སྒོར་དུང་ཕྱུར་18ལྷག་ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་མཛོད་འཇུག་ཁྲལ་དངུལ་བསྡོམས་འབོར་གྱི་27.3%བཟུང་ཡོད་པ་རེད། ན་ནིང་གི་དུས་མཚུངས་དང་བསྡུར་ན་རེ་ཞུ་བྱེད་མཁན་ཚོང་དུད་2829མང་དུ་ཕྱིན་པ་དང་། བསྡོམས་རྩིས་བྱས་ན་རེ་ཞུ་བྱེད་མཁན་ཚོང་དུད(ཐེངས་)51350མང་དུ་ཕྱིན་ཏེ་མཛོད་འཇུག་ཁྲལ་དངུལ་སྒོར་དུང་ཕྱུར་16.93མང་དུ་ཕྱིན་ནས། ཁྲལ་འཇལ་མཁན་དང་ཁྲལ་དོན་མི་སྣའི“ཁུར་པོ་ཡང་དུ་གཏོང་བའི”དམིགས་ཡུལ་བསྒྲུབས་ཡོད།

    གཞན་ཡང“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། “ཕྱིར་སྐྱོད་པའི”ཁེ་ལས་ཀྱི་ཁྲལ་འབྲེལ་རེ་ཞུའི་ཆེད་དོན་བརྟག་ཞིབ་ལས་དོན་ཧུར་ཐག་སྤེལ་བ་དང་འབྲེལ། ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཁར། ཁྲལ་བསྡུའི་གྲོས་ཆོད་ཀྱི་དྲིལ་བསྒྲགས་དང་ཟུར་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“ཕྱིར་སྐྱོད་པའི”ལས་དོན་ལག་བསྟར་གྱི་འཆར་གཞི་བཟོས་ཏེ“ཕྱིར་སྐྱོད་མཁན”ཁེ་ལས་ལ་ཁྲལ་བསྡུའི་བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།

    “དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད་དང་ཟུང་འབྲེལ་བྱས་། ང་ཚོས་མུ་མཐུད་ཁྲལ་འཇལ་ཞབས་ཞུའི་གཏིང་ཚད་དམ་ཁྱབ་རྒྱ་ཆེ་རུ་བཏང་བ་དང་ཁུར་པོ་ཡང་དུ་བཏང་བའི་ཐོག དེ་བས་ལེགས་པའི་སྒོ་ནས་ཁྲལ་འཇལ་ཚོང་དུད་དང་གཞི་རིམ་ལ་ཞབས་འདེགས་ཞུས་ཏེ་དཔྱིད་རླུང་ས་མཐོའི་ས་གཞི་ཆེན་པོར་ཁྱབ་པ་བྱས་ནས་དམངས་ཕན་ཁྲལ་གཉེར་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད”ཅེས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་འགན་ཁུར་མི་སྣས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།