ཏང་ནན་པོ་སྐྱོང་རྒྱུ་ནི་སྟོང་གཏམ་ཞིག་མིན་པ་དང་རུལ་སུངས་ཆད་གཅོད་ཐད་དམིགས་བསལ་གང་ཡང་མེད། ཟླ་7ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལིང་ཅི་ཧྭ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་འབུད་རྒྱུ་དང་དེའི་ཉེས་གསོག་དང་འབྲེལ་བ་ཡོད་པའི་གནད་དོན་དང་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། གཏན་འབེབས་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་ཏང་གི་གཅིག་སྡུད་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་གཅོད་བཅས་ཀྱི་རྣམ་འགྱུར་གསལ་པོ་དང་བློ་སྟོབས་བརྟན་པོ་གང་ལེགས་མངོན་ཡོད་པས་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཐོབ་ཡོད།
གུང་ཁྲན་ཏང་དང་རུལ་སུངས་གཉིས་མེ་དང་ཆུ་བཞིན་མཐུན་ཐབས་མེད་ལ་མི་དམངས་མང་ཚོགས་ཀྱིས་རུལ་སུངས་ཀྱི་བྱེད་སྤྱོད་ལ་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད། ལིང་ཅི་ཧྭའི་བྱེད་སྤྱོད་མཐའ་དག་ཏང་གི་ངོ་བོ་དང་དམིགས་ཡུལ་ལས་རྦད་དེ་རྒྱབ་འགལ་ཡིན་པ་དང་ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ཏང་གི་གཟུགས་བརྙན་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་པ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་ཐེབས་ཡོད། ལིང་ཅི་ཧྭའི་ཚབས་ཆེའི་སྒྲིག་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་ལིང་ཅི་ཧྭའི་གྱོད་གཞིའི་ཤུགས་རྐྱེན་ངན་པ་མཐའ་གཅིག་ཏུ་མེད་པ་བཟོ་རྒྱུ་དེ་ཏང་ནང་ཁུལ་གྱི་མི་མངོན་པའི་རྐྱེན་ངན་སེལ་བ་དང་། ཏང་གི་རྩ་འཛིན་དང་ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་གི་དཔུང་ཁག་དྭངས་གཙང་ཡོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་གལ་ཆེའི་དོན་སྙིང་ལྡན་ཡོད། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་པ་གཅོད་པ་དང་ཕུང་འདྲེ་མཐའ་གཅིག་ཏུ་མེད་པ་བཟོ་རྒྱུ་དེ་ནི་རང་རེའི་ཏང་ལ་ནུས་ཤུགས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་མང་ཚོགས་ཚོའི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས། ཏང་དང་རྒྱལ་ཁབ་ཀྱི་འཆི་གསོན་ཆགས་འཇིག་གི་མཐོ་ཚད་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་ཁྲིམས་ལྟར་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ། དམངས་ཀྱི་འདོད་བློར་བསྟུན་པ་དང་དམངས་ཀྱི་སེམས་པ་འཐོབ་པར་བྱེད་པ་བཅས་ཀྱིས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་དྲང་ནུས་དྲག་པོ་གཅིག་ཏུ་བསྒྲིལ་ཡོད། ལིང་ཅི་ཧྭ་ལ་ཞིབ་བཤེར་ཐག་གཅོད་བྱས་པ་ལས། རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་རུལ་སུངས་ལ་རྡུང་རྡེག་ནན་པོ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་དང་། སྨན་ཆེན་བཏང་ནས་གཅོང་ནད་བཅོས་པའི་ཆོད་སེམས་ཆུང་དུ་ཕྱིན་མེད་པ། རུས་འབྲད་དུག་སེལ་གྱི་བློ་སྟོབས་ཉམས་མེད་པ།“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ལ་འགྱུར་བ་མེད་པ། ཆད་པ་ནན་པོ་གཅོད་པའི་ཚད་གཞི་དམའ་རུ་བཏང་མེད་པ་བཅས་སླར་ཡང་གང་ལེགས་མངོན་ཡོད། ནམ་ཡང་མདུན་སྐྱོད་བྱེད་པའི་ཆབ་སྲིད་ཀྱི་བློ་སྟོབས་དང་ཆོད་སེམས་བརྟན་པོ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཚེ། རུལ་སུངས་ལ་རྒོལ་བའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་ང་ཚོས་གཏན་གཏན་རྒྱལ་ཁ་ལེན་ཐུབ་ངེས་རེད།
ཏང་སྲོལ་ཏང་ཁྲིམས་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མེ་འགོག་གྱང་ལྟ་བུ་ཞིག་ཡིན་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནི་རང་རེའི་ཏང་གི་སྲོག་རྩ་ལྟ་བུ་རེད། ལིང་ཅི་ཧྭ་ཡི་གྱོད་གཞི་ལས་ཏང་ཡོངས་ཀྱིས་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ཚེ་གཞི་ནས་རུལ་སུངས་ལ་ངོ་རྒོལ་གྱི་འགོག་སྲུང་འཛིང་རགས་ཡག་པོ་སྲུང་ཐུབ་ལུགས་བསྟན་ཡོད། གུང་ཁྲན་ཏང་ཡོན་ཚང་མས་ཆབ་སྲིད་གསལ་པོ་ཤེས་མཁན་ཞིག་བྱས་ནས་ཏང་གཤིས་ཀྱི་འདུ་ཤེས་དང་། ཆབ་སྲིད་ཀྱི་གོ་རྟོགས། རྩ་འཛུགས་ཀྱི་ལྟ་བ་བཅས་ཀྱིས་རང་ཉིད་ལ་རེ་བ་ནན་པོ་བཏོན་ཏེ། ལྷོད་གཡེང་བག་གཡེང་གཏན་ནས་བྱ་རྒྱུ་མེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་སྒྲིག་ལམ་ནན་པོ་ཡོང་བ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཁ་གསལ་ངང་ནན་བཤད་དང་། བློ་བརྟན་འགྱུར་མེད་ངང་ལག་བསྟར། སྒྲིག་ཁྲིམས་དང་སྒྲིག་ལམ་མི་སྲུང་བའི་བྱེད་སྤྱོད་ལ་ཐག་གཅོད་ནན་པོ་བཅས་ཀྱིས། ཏང་ཡོངས་སུ་སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས།
ཕུགས་བསམ་དད་སེམས་ལ་གཡོ་འགུལ་ཐེབས་པ་ནི་ཉེན་ཁ་ཆེ་ཤོས་ཀྱི་གཡོ་འགུལ་ཞིག་དང་། ཕུགས་བསམ་དད་སེམས་ཞན་དུ་ཕྱིན་པ་ནི་ཉེན་ཁ་ཆེ་ཤོས་ཀྱི་ཉམས་རྒུད་ཅིག་རེད། “ཕུགས་བསམ་དད་སེམས”ལ་གཡོ་འགུལ་ཐེབས་ཚེ་གཞི་ཚུགས་ས་དང་བླ་སྲོག་མེད་པ་དང་གཅིག་མཚུངས་ཡིན་པས། སྔ་ཕྱི་མ་གཏོགས་ཕུང་རྒྱུ་རེད། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རང་གཅུན་ལྷུག་ཏུ་གཏོང་མི་རུང་བ་དང་། རང་དོན་རིང་ལུགས་དང་སྒེར་སེམས་གྱི་དྲ་རྒྱར་ཚུད་མི་རུང་ལ“མགོ་གཉིས་མ”དང“ངོ་གཉིས་མ”གཏན་ནས་བྱ་མི་རུང་། ངེས་ པར་དུ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་གྱིས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་རྒྱུན་ཆད་མེད་པར་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་བཞུན་བརྡར་ཐུབ་པ་བྱས་ཏེ། སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་མིའི་གཞུང་སེམས་རྣམ་དག་རྒྱུན་འཁྱོངས་བྱེད་དགོས།
ཏང་གིས་ཏང་ལ་དོ་དམ་བྱས་ཚེ་གཞི་ནས་ཏང་དོ་དམ་ནན་པོ་ཐུབ་པ་དང་ཏང་ནན་པོ་བསྐྱངས་ཚེ་གཞི་ནས་ཏང་ཡག་པོ་སྐྱོང་ཐུབ། ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་ནི། ཏང་ཡོན་ལས་བྱེད་པའི་ཆེས་གཞི་རྩའི་ཆབ་སྲིད་ཀྱི་བླང་བྱ་ཞིག་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་བསམ་སྦྱོར་གཉིས་ཀ་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། ལིང་ཅི་ཧྭ་ཡི་སྒྲིག་འགལ་གྱོད་གཞི་ཚབས་ཆེན་ལྡོག་ཕྱོགས་ཀྱི་སློབ་གཞིར་འཛིན་ཏེ་བསླབ་བྱ་དང་ལེན་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། ཏང་གི་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།