དབུ་ཤོག>གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-20

    འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་འགག་སྒྲོལ་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་རིགས་དང་། ལེགས་ལྡན་གཏེར་ཁ་ཐོན་ལས། ཡུལ་སྐོར་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་དཔལ་འབྱོར་གྱི་འདེགས་སྐྱོར་དང་འཕེལ་རྒྱས་ཀྱི་འདེགས་སྐྱོར་སྔར་བས་སྟོབས་ཆེར་བཏང་བ་རེད།

    གྲུབ་ཆ་ལེགས་སྒྲིག་གི་མྱུར་ཚད་མགྱོགས་གཏོང་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ནས་ཐོན་མཐོ་གཏོད་པའི་དཔེ་སྟོན་ཞིང་ཁ་མུའུ་ཁྲི་35དང“བོད་ནས་ཨང་2000”སོགས་ཀྱི་སོན་བཟང་གསར་པའི་ཞིང་ཁ་མུའུ་ཁྲི་23.2ཁྱབ་གདལ་བཏང་ནས་འབྲུ་རིགས་ཐོན་ཚད་ཏུན་ཁྲི་18.3དང་སྔོ་ཚལ་ཐོན་ཚད་ཏུན་ཁྲི་12ཟིན་པའི་བརྩོན་ལེན་བྱས་ཡོད། བོད་ཤར་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་དེ་སྨར་ཁམས་ཟླ་མེད་གཡང་རྒུན་འབྲུམ་ཨ་རག་དང་། དཔའ་ཤོད་ལྷ་ཀླུ་ཁ་བྲ་བོ་ཐོན་རྫས། ལྷོ་རོང་ལྷོ་རྫོང་གི་རྩམ་པ། རི་བོ་ཆེའི་ཚགས་ཤ། སྟེང་ཆེན་གྱི་དབྱར་རྩྭ་དགུན་འབུ་སོགས་ཁྱད་ཆོས་མངོན་གསལ་དོད་པ་དང་སྐད་གྲགས་ཆེ་བའི་སྤུས་རྟགས་ཤུགས་ཆེན་བཏོད་པ་རེད། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་མུ་མཐུད་སྐུལ་འདེད་གཏོང་བ་དང་གཞི་རྩའི་རྩྭ་ཐང་དབྱེ་མཚམས་ཕྱེ་བའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྩྭ་ཐང་གི་སྣོད་བཅུད་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ། ས་ཆ་ཞིབ་བསྡུས་ལེགས་གཉེར་དང་གྲོན་ཆུང་བྱ་རྒྱུར་མཐའ་འཁྱོངས་བྱས་པས་རྨོ་ཞིང་བདག་བཟུང་བྱེད་ཚད་སྤྱི་ཆིང་ཁྲི་7.24ཡན་དང་གཞི་རྩའི་ཞིང་ཁ་སྲུང་སྐྱོང་བྱེད་རྒྱ་སྤྱི་ཆིང་ཁྲི་6.33ཡན་ཟིན་ཡོད། གེགས་འགོག་གེགས་སེལ་དང་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་འགོག་བཅོས་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱས་ཏེ་འབྲོག་ལས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་38%ཟིན་ཡོད་པ་རེད།

    ཆུ་ནུས་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་འདི་ལོ“གཙང་གསུམ”ཆུ་གློག་གསར་སྤེལ་དང་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་25དང་སྒོར་དུང་ཕྱུར་30ཡན་སོ་སོར་ཟིན་ཡོད། མགོ་མདོ་དང་འབྱོར་པ་་གློག་ཁང་གི་འཕྲུལ་ཚན་ཐོག་མ་ནས་གློག་གཏོང་རྒྱུ་འགན་ལེན་བྱས་པ་དང་། སུའུ་བ་ལུང་གློག་ཁང་ལ་ཞིབ་བཤེར་ཆོག་མཆན་སྤྲད་པ། རོང་སྨད་གློག་ཁང་གི་གཉེར་སྐྱོང་བྱ་ཡུལ་ལས་འགོ་བཙུགས་པ་བཅས་རེད།

    “གཙང་གསུམ་རྒྱུག་ཁུལ་དང་། ཇ་རྟ་གནའ་ལམ། ཁམས་པའི་རིག་གནས། གསར་བརྗེའི་ཡུལ་སྐོར”བཅས་སྤུས་རྟགས་ཆེན་པོ་བཞི་གཏོད་རྒྱུར་དམ་པོར་དམིགས་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ར་འོག་མཚེའུ·ལ་མགོའི་འཁྱག་རོམ་དང་། སྨར་ཁམས་ཀྱི་ཚྭ་ཁ་ལྷོ། འཇོ་མདའི་སྐམ་ཐོག རི་བོ་ཆེའི་གཡས་རུ་གྲོག་རོང་། ཆབ་མདོའི་བྱམས་པ་གླིང་དགོན་སོགས་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་དང་ཡུལ་སྐོར་གྱི་རྩེར་སོན་རྣམ་གྲངས་ཞིབ་ཚགས་བཏོད་ཡོད། ཡུལ་སྐོར་འཕེལ་རྒྱས་ཀྱི་མཉེན་ཆས་དང་མཁྲེགས་ཆས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ནས་ས་ཁོངས་དང་། མི་རིགས། རིག་གནས་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ལྷག་པར་དུ་རྒྱལ་ལམ་318རྒྱུད་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པར་དམིགས་པ་དང་། གྲོང་གསེབ་གསར་པ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ། ཁྱད་ལྡན་གྲོང་སྡེ་ཆུང་ངུ་བཅས་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མ་དངུལ་བསྡུ་སྒྲིལ་གྱིས་ལམ་རྒྱུད་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་ཆབ་མདོའི་ཡུལ་སྐོར་དེ་ས་མཚམས་སྒྲོལ་ནས་ཡུལ་སྐོར་བྱེད་པ་ནས་ས་ཆར་དམིགས་ནས་ཡུལ་སྐོར་བྱེད་པའི་བར་སྒྱུར་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་150ལ་སྣེ་ལེན་ཞུ་རྒྱུ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་11.8མངོན་འགྱུར་ཡོང་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།