དབུ་ཤོག>གསར་འགྱུར།
  • ཕ་རི་སིས་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་གྲོང་ཁྱེར་གྱི་མཛེས་སྡུག་གཏོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-07-19

    ཧྥ་རན་སེའི་རྒྱལ་ས་གནས་ཡུལ་གྱི་ཕ་རི་སི་ས་ཁུལ་ཆེན་པོའི་སྤྱི་ལེ་ངོས་གྲུ་ཁྲི་1.2ཟིན་པའི་ས་གཞིར་མི་འབོར་ཁྲི་1100ལྷག་གིས་འཚོ་བ་སྐྱེལ་བཞིན་ཡོད། ཇི་ལྟར་བྱས་ནས་ཕ་རི་སིས་རྒྱལ་སའི་འགན་ནུས་སྒོ་ཀུན་ནས་འདོན་པ་དང་དུས་མཚུངས་སྔར་བས་ལེགས་པའི་སྒོ་ནས་ཉེ་འཁོར་ལ་སྐུལ་ཁྲིད་དང་སྔར་བས་མྱུར་བའི་སྒོ་ནས་གྲོང་ཁྱེར་ནང་དང་གྲོང་འདབས་ཕྱིའི་གྲོང་གསར་འབྲེལ་མཐུད་བྱས་ཐོག་གྲོང་ཁྱེར་གྱི་གྲོང་མིའི་འཚོ་བ་སྔར་བས་སྟབས་བདེ་ཡོང་བ་བྱེད་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་དང་འཕེལ་རྒྱས་འགྲོ་བཞིན་པའི་འགྲིམ་འགྲུལ་དྲ་རྒྱས་ནུས་པ་གལ་ཆེན་འདོན་དགོས་སམ།

    དམག་ཆེན་གཉིས་པའི་རྗེས་སུ་གནས་སྤོ་བ་དང་གྲོང་གསེབ་མི་འབོར་མང་པོ་གྲོང་ཁྱེར་དུ་ཡོང་ནས་བཟོ་ལས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་པས་སྡོད་ཁང་དཀོན་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་དུ་གྱུར་པ་དང་། ཕ་རི་སི་གྲོང་ཁྱེར་སྲིད་གཞུང་གིས་གཞི་ཁྱོན་ཆེན་པོའི་སྒོ་ནས་སྡོད་ཁང་ཐོག་བརྩེགས་ཁང་པ་བསྐྲུན་འགོ་ཚུགས་ཏེ“ཕ་རི་སི་བ་གསར་པ”བཀོད་སྒྲིག་བྱས། “འོན་ཀྱང་བྲེལ་འཚུབ་ངང་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་སྡོད་ཁང་འདི་དག་གི་བཟོ་དབྱིབས་འདྲ་བ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་མེད་པ། བསྐྱར་སྐྲུན་གྱི་ས་ལྷག་མ་ཉུང་བ། ས་ཆའི་ཐོན་ཁུངས་འབོར་ཆེན་བཟུང་བ་བཅས་ཀྱིས་རྗེས་མཐུད་འཕེལ་རྒྱས་ཐད་ཤུལ་ལུས་གནད་དོན་མང་པོ་ཐོན་ཡོད”ཅེས་ཧྥ་རན་སེའི་རྒྱལ་བཙུགས་ལམ་ཟམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་ཡི་བཟོ་སྐྲུན་པ་ཧྥུའུ་ཨ·ཨ་ཝ་ཏས་གདེང་འཇོག་དེ་ལྟར་བྱས། 

    “ཕ་རི་སིའི་ཕོ་བ”ལེ་ཨ་ཞིང་ལས་ཉོ་ཚོང་ཁྲོམ་ར་དེ་ཕ་རི་སི་གྲོང་ཁྱེར་གྱི་ལྟེ་བར་གནས་ཤིང་། དེའི་ལོ་རྒྱུས་ནི་ལོ་ངོ་800ལྷག་གི་གོང་བར་འདེད་ཐུབ། ཧ་ཅང་རིང་བའི་དུས་མཚམས་ཤིག་གི་ནང་འདི་གར་མི་ཚོགས་དང་རླངས་འཁོར་གྱི་རྒྱུན་ཆད་མེད། གྲོང་ཁྱེར་གྱི་མི་འབོར་མང་དུ་ཟམ་མི་ཆད་པར་འཕེལ་བ་དང་བསྟུན་ལེ་ཨ་ཞིང་ལས་ཉོ་ཚོང་ཁྲོམ་རས་དགོས་མཁོ་སྐོང་དཀའ་བར་གྱུར་པ་དང་། ཕ་རི་སི་གྲོང་ཁྱེར་ལྟེ་གནས་དེ་ཁྲོམ་ར་དེའི་དབང་གིས་ཟང་ཟིང་དུ་གྱུར་ཡོད།

    སྲིད་གཞུང་གི་འཆར་བཀོད་འོག་ལེ་ཨ་ཞིང་ལས་ཉོ་ཚོང་ཁྲོམ་ར་དེ་མཐར་བཤིག་པ་རེད། ལོ་7གྱི་རིང་བསྐྲུན་པའི་གྲོང་ཁྱེར་གྱི“ཕོ་བ”གསར་པ་སྟེ། ལན་ཅི་སི་རྒྱལ་སྤྱིའི་ཁྲོམ་ར་དེ་1969ལོར་ཕ་རི་སི་ས་ཁུལ་ཆེན་པོའི་ལྷོ་ཕྱོགས་ཀྱི་ཝ་ལེ་ཏེ་མ་ཨེན་ཞིང་ཆེན་དུ་སྒོ་ཕྱེ་བ་རེད། རྒྱ་ཁྱོན་སྤྱི་ཆིང་232བཟུང་བའི་ཞིང་ཞོར་ཐོན་རྫས་ཀྱི་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་དེ་ཕ་རི་སི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་10ཙམ་ཡང་ཟིན་གྱི་མེད་ལ་གཞུང་ལམ་དང་ལྕགས་ལམ་གྱི་འགྲིམ་འགྲུལ་དྲ་བ་དང་ཕ་རི་སིའི་ཨོ་ལི་གནམ་ཐང་དང་ཐག་ཉེ་བར་བརྟེན་དེས་ཚོང་རྫས་དག་ཕ་རི་སིར་དབོར་བའི་དུས་ཚོད་ཐུང་དུ་བཏང་ཁར་གྲོང་ཁྱེར་ལྟེ་གནས་ནས་འགྲོ་འོང་བྱེད་པའི་དཀའ་ངལ་ཡང་བསལ་བ་རེད།

    ད་ཆ་ཕ་རི་སི་གྲོང་ཁྱེར་དང་། གྲོང་འདབས་ཁུལ་གསར། གྲོང་འདབས་དང་ཐག་རིང་སའི་གྲོང་གསར་དང་ཞིང་ཆེན་གྲོང་ཁྱེར་གྱི་གྲོང་རྡལ་དབར་ཕ་རི་སིའི་ཁུལ་ཆེན་ཆགས་ཤིང་། ཕན་ཚུན་མཉམ་དུ་འཕེལ་རྒྱས་དང་ཕན་ཚུན་ཁ་གསབ་བྱས་ཡོད་པ་རེད།

    ཕ་རི་སི་ཆེན་པོ་ས་ཁུལ་དུ་ཉིན་ལྟར་མི་ཐེངས་ཁྲི་1000སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་པ་དང་མི་ཐེངས་ཁྲི་2000སྒེར་འཁོར་བཏང་ནས་འགྲུལ་སྐྱོད་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་ཆེ་གྲས་དང་པོ་ཡིན་པའི་ཆ་ནས་བཤད་ན། ཕ་རི་སིར་ད་ཡོད་ཀྱི་འགྲིམ་འགྲུལ་དྲ་རྒྱའི་ཐད་སྔར་བཞིན་འདང་གི་མེད། མིག་སྔར་ཕ་རི་སི་ཆེན་པོའི་ས་ཁུལ་གྱིས་སྤྱི་པའི་ལྕགས་ལམ་འགྲིམ་འགྲུལ“ཕ་རི་སི་ཆེན་པོའི་མགྱོགས་ལམ”འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

    ཨ་ཝ་ཏས་གྲོང་ཁྱེར་གྱི་འཆར་འགོད་ཐད་ཧྥ་རན་སེ་བས་ཇུས་འགོད་དུས་རིམ་དུ་སེམས་ནུས་ཆེན་པོ་བཏོན་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། ཁོར་ཡུག འགྲིམ་འགྲུལ། རྩི་ཤིང་དང་མེ་ཏོག ཆུ་ཀླུང་། བཟོ་བཀོད་རྙིང་པ་དང་མཛེས་ལྗོངས་གསར་པའི་མཐུན་སྦྱོར་སོགས་ནང་དོན་ཡོངས་གྲོང་ཁྱེར་འཆར་འགོད་མཁན་གྱི་བསམ་གཞིག་ཁྱབ་ཁོངས་སུ་ཡོད་ཅིང་། ཚང་མར་བསམ་བློ་གཏོང་ཐུབ་པའི་བསམ་གཞིག་བྱས་ཚེ་ད་གཟོད་ཇུས་འགོད་ཀྱི་ཐོག་མར་གྲོང་ཁྱེར་འཕེལ་རྒྱས་ལས་བྱུང་བའི་གནད་དོན་བསལ་ཐུབ་ལ་རྒྱུན་བསྲིང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་ཐུབ་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།