དབུ་ཤོག>གསར་འགྱུར།
  • བདེ་ཆེན་ཤང་གི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-17

    192385_yis_1437038063272.jpg

    འདི་ནི་བདེ་ཆེན་ཤང་སྡིངས་ཁ་གྲོང་ཚོའི་གྲོང་མི་ཟླ་བས་གྲིབ་སྐམ་བཏང་བའི་ཤ་སྐམ་པོ་ཡིན་ཞིང་། ལྷ་སའི་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

    2015ལོའི་ཟླ་དྲུག་པའི་ཆར་པ་སིམ་སིམ་འབབ་པའི་ཉིན་ཞིག་བཅར་འདྲི་ཚོགས་ཆུང་དང་བཅས་པ་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་བདེ་ཆེན་ཤང་དུ་བསྐྱོད་པ་ཡིན། བདེ་ཆེན་ཤང་ནི་ལྷ་སའི་སྐྱིད་ཆུའི་ཆུ་ལག་སྟོད་ལུང་གཙང་པོའི་ལྷོ་ངོགས་ཀྱི་ལུང་གཞུང་ཞིག་ཏུ་ཆགས་ཤིང་། ས་མ་འབྲོག་ཡིན་པའི་བདེ་ཆེན་ཤང་་རྒྱལ་ལམ་109དང་ཐག་ཉེ་བས་འགྲིམ་འགྲུལ་སྟབས་བདེ་ལ་ལྗོངས་ཡོངས་སུ་སྐད་གྲགས་ལྡན་པའི་ཆུ་བཟང་ཆུ་ཚན་ཡང་དེ་གར་ཡོད། མི་རིགས་ལག་ཤེས་བཟོ་རྩལ་དང་། ཞིང་ཞོར་ཐོན་རྫས་ལས་སྣོན། སྐྱེལ་འདྲེན་ལས་རིགས་སོགས་ལས་བདེ་ཆེན་ཤང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་དཀའ་བའི་གོ་སྐབས་འཕྲད། 

    ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཤང་ཏང་ཨུད་དང་སྲིད་གཞུང་། ཤང་ཡོངས་ཀྱི་ཞིང་འབྲོག་པའི་ཕྱར་བ་གྲུ་འདེགས་འོག བདེ་ཆེན་ཤང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྦྲང་ཆར་སིལ་མའི་ཁྲོད་རྩྭ་ཆུ་བཟང་བའི་རྩྭ་ཐང་དུ་ཕྱུགས་རིགས་གནམ་ཁའི་སྐར་ཚོགས་སར་འཕོས་པ་ལྟར་གནས་ཤིང་། དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་བོད་བཟོའི་ཁང་པ་དང་གཙང་ཞིང་མཛེས་པའི་གྲོང་ཚོ་ནི་རི་མོ་མཁས་པའི་རྩལ་ལས་འཁྲུངས་པ་ལྟར་སྣང་། ངལ་རྩོལ་པ་དང་བ་རྫི། ཚོང་གཉེར་བ་སོགས་ཚང་མའི་བཞིན་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་། བདེ་སྐྱིད་ལྡན་པའི་ཉམས་ཤིག་མངོན་གཞིན་འདུག

    ཆུ་བཟང་གྲོང་ཚོ།

    སྨན་པའི་རྒྱལ་པོའི་ཕ་ཡུལ་གྱི་འགྱུར་ལྡོག

    ཤོད་རྒྱུན་ལ་ཆུ་བཟང་གྲོང་ཚོར་རྗེ་ཙོང་ཁ་པས་སྐུ་འཁྲུད་གསོལ་གནང་མྱོང་ཡོད་པས་ཆུ་མིག་དེར“ཆུ་བཟང”ཞེས་པའི་མིང་ཐོགས། འོན་ཀྱང་ཆུ་བཟང་གྲོང་ཚོ་སྐད་གྲགས་གང་སར་ཆོད་པ་དེ་བོད་ཀྱི་བོད་ལུགས་གསོ་རིག་གི《རྒྱུད་བཞིའི》རྩོམ་པ་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་ཡིན་པས་རེད།

    དེར་གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་ཡུལ་ཡིན་པས་ཆུ་བཟང་གྲོང་ཚོར“གཡུ་ཐོག་གི་ཕ་ཡུལ”ཞེས་ཀྱང་བརྗོད་ཚུལ་ཡོད། དེ་ཡང་གཡུ་ཐོག་ཡོན་ཏན་མགོན་པོས་དེ་སྔོན་ཆུ་ཚན་ལ་རྩ་ཆེའི་སྨན་རྫས་མང་པོ་སྡེབ་སྦྱོར་གནང་མྱོང་ཞེས་བརྗོད་ཀྱི་འདུག་ལ། ཆུ་ཚན་གྱི་དབུས་སུ་མི་རབས་ནས་མི་རབས་བར་བརྗོད་པའི་གཡུ་ཐོག་ཡོན་ཏན་མགོན་པོའི་སྨན་ཁུག་རེད་ཅེས་པའི་རྡོ་ཞིག་གསལ་པོར་མཐོང་རྒྱུ་འདུག རང་རྒྱལ་གྱི་གནའ་གཞུང་མང་པོའི་ནང་ཆུ་ཚན་བརྒྱབ་ཚེ་ངལ་དུབ་སེལ་བ་དང་ནད་སེལ་ལུས་གསོ་ཐུབ་པའི་སྐོར་བཀོད་ཡོད། ད་བར་ལོ་1500ཡི་ལོ་རྒྱུས་ལྡན་པའི་ཆུ་བཟང་ཆུ་ཚན་ལ་ནད་སེལ་ལུས་གསོའི་ཕན་ནུས་ལྡན་པས་མི་རྣམས་ཀྱིས་བསྔགས་བརྗོད་ཟབ་མོ་བྱེད་ཀྱི་ཡོད།

    ཆུ་བཟང་ཆུ་ཚན་དུ་ང་ཚོས་ཆུ་ཚན་རྒྱག་པར་ཡོང་མཁན་བོད་རིགས་བུད་མེད་ཅིག་དང་ཁ་བརྡ་གློད་སྐབས། ཁོང་གིས“ང་ནི་ནག་ཆུ་ནས་ཡོང་བ་ཡིན། ངའི་མིང་ལ་བདེ་སྐྱིད་ཟེར་གྱི་ཡོད། ང་བཟའ་ཟླའི་རོགས་པར་ཡོང་བ་ཡིན། ན་ནིང་ལོ་མཇུག་ཏུ་བཟའ་ཟླར་འགྲིམ་འགྲུལ་ལས་འཛོལ་ཐོན་པས་ཆུ་བཟང་ཆུ་ཚན་གྱིས་རུས་པ་ཆག་པར་ཕན་པ་ཆེན་པོ་ཡོད་ལུགས་ཐོས་བྱུང་། ངའི་བཟའ་ཟླས་ཆུ་ཚན་གཟའ་འཁོར་གཅིག་བརྒྱབ་རྗེས། ཁོང་གིས་ལུས་པོ་བདེ་རུ་སོང་ལ་རྐང་པའང་ཡང་ཤ་དོད་དུ་ཕྱིན་སོང་ཟེར་གྱི་འདུག”ཅེས་པའི་བདེ་སྐྱིད་ཀྱི་སྐད་ཆ་ཉན་རྗེས་ང་ཚོར་ཡ་མཚན་ཆེན་པོ་སྐྱེས་བྱུང་།

    ང་ཚོར་ཡ་མཚན་སྐྱེ་བ་མཐོང་སྐབས། ང་ཚོ་དང་མཉམ་དུ་སྐྱོད་མཁན་ཆུ་བཟང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་རིང་རྒྱལ་པོས་ང་ཚོར“ཆུ་བཟང་ཆུ་ཚན་ལ་སྨན་བཅོས་ཀྱི་ནུས་པ་དངོས་འབྲེལ་ལྡན་ཡོད་ལ་ལྷག་དོན་དུ་གྲུམ་ནད་དང་། རུས་ཆག པགས་ནད། ཕོ་བའི་ནད་བཅས་བཅོས་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཡོད། ལོ་འདི་དག་ནང་ཉེ་འགྲམ་ནས་ཆུ་ཚན་དུ་ཡོང་མཁན་སྔར་བས་མང་དུ་ཕྱིན་པས། གྲོང་ཚོའི་དཔལ་འབྱོར་ཡང་འཕེལ་རྒྱས་ཕྱིན་སོང་། ན་ནིང་གྲོང་ཚོའི་ཆུ་ཚན་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་ཟིན་གྱི་འདུག”ཅེས་ཤོད་ཀྱི་འདུག

    རྒྱ་ཁྱོན་སྨི་ངོས་གྲུ་7ཙམ་ཡོད་པའི་ཆུ་བཟང་ཆུ་ཚན་གྱི་མཐའ་སྐོར་དུ་གཡམ་རྡོས་བསྐོར་འདུག ལོ་མང་སོང་བའི་དབང་གིས་གཡམ་པ་དེ་དག་ལ་སྔོ་མ་སྐྱེས་འདུག ཆུ་ཚན་ནས་བར་སྣང་དུ་ལྟ་སྐབས་གནམ་སྔོན་སྤྲིན་དཀར་མཐོང་རྒྱུ་ཡོད། བཅར་འདྲི་ཚོགས་ཆུང་སྐྱོད་སྐབས་ཆུ་ཚན་ཕྱིར་མི་30ལྷག་ཙམ་བསྒུགས་ནས་བསྡད་འདུག “ཆུ་ཚན་ཆུ་ཚོད་24སྒོ་ཕྱེ་བ་དང་ཕོ་མོ་རེས་མོས་བྱེད་ཀྱི་ཡོད”ཅེས་ཚེ་རིང་རྒྱལ་པོས་ཤོད་ཀྱི་འདུག

    ད་ལོ་ལོ་73ལ་སླེབས་པའི་རྒད་པོ་བྱམས་པ་བསོད་ནམས་ཀྱིས་2004ལོར་ཆུ་ཚན་འགྲམ་དུ་ཁང་པ་ཁང་མིག་12བརྒྱབ་ནས་ཆུ་ཚན་རྒྱག་པར་ཡོང་མཁན་མང་ཚོགས་ལ་བོགས་མར་གཏོང་གི་ཡོད་པ་དང་། ཁྱིམ་ཚང་མགྲོན་ཁང་བསྐྲུན་ཡོད་པས་ལོ་ལྟར་ཡོང་འབབ་སྒོར་8000ཙམ་རག་གི་ཡོད་པ་རེད། ཁོང་གི་ཁྱིམ་དུ་ད་དུང་བ་གླང་100ལྷག་ཙམ་གསོས་ཡོད་པ་དང་ས་ཞིང་མུའུ་14ཡོད་པས་ལོ་ལྟར་ཡོང་འབབ་སྒོར་ཁྲི་ཡན་ཟིན་གྱི་ཡོད། ང་ཚོར་རྒད་པོ་འཕྲད་སྐབས། ཁོང་ནི་བཟའ་ཟླ་དང་མཉམ་དུ་ཁྱིམ་གྱི་ཉི་གཡབ་ཏུ་སྣང་བ་སྐྱིད་མདོག་ངང་ཇ་མངར་མོ་འཐུང་གིན་དུ་ཉི་མ་སྲོ་བཞིན་འདུག ད་ལྟའི་འཚོ་བའི་སྐོར་གླེང་སྐབས་རྒད་པོས“ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་ཚེ་མཇུག་སྣང་བ་སྐྱིད་པོ་འདུག”ཅེས་བློ་ཡིད་ཚིམ་པོའི་ངང་ཤོད་ཀྱི་འདུག ས་མཐོའི་ཉི་འོད་འོག་བློ་བདེ་བག་ཕེབས་ངང་འཚོ་བ་སྐྱེལ་བཞིན་པའི་རྒད་པོའི་ངོ་གདོང་ལས་ཐམས་ཅད་དབེན་བཞིན་མཛེས་སྡུག་ལྡན་པ་ཞིག་ཡོད་པའི་ཚོར་སྣང་སྦྱིན་བྱུང་།

     བདེ་ཆེན་གྲོང་ཚོ།

    “སྤྲང་པོའི་གྲོང་ཚོ”ནས་གྲོང་གསེབ་གསར་པར་གྱུར་པ།

    ལོ་50ཡི་ཚུན་དུ་བདེ་ཆེན་ཤང་བདེ་ཆེན་གྲོང་ཚོ་ནི་ཉེ་རིང་གང་སར་སྐད་གྲགས་ཡོད་པའི“སྤྲང་པོའི་གྲོང་ཚོ”ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཞིག་ཏུ་གྱུར་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་ཕྱིན་ཡོད།

    “ང་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་ལ། ཁྱིམ་ལ་རླངས་འཁོར་ཞིག་ཀྱང་ཉོས་ཡོད། སྲིད་གཞུང་གི་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་ཁག་གི་འོག་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་འབྱོར་ཕྱུག་ལྡན་ངེས་ཡིན། ད་ཆ་གྲོང་མི་ཚོར་བྱ་བ་མང་ཙམ་བསྒྲུབས་ནས་ཚང་མ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཇི་ལྟར་གཏོང་རྒྱུ་དེ་རེད”ཅེས་བདེ་ཆེན་གྲོང་ཚོའི་ལོ་72ལ་སླེབས་པའི་བགྲེས་སོང་བྱམས་པ་ཚེ་རིང་གིས་ད་ཆའི་འཚོ་བའི་སྐོར་གླེང་སྐབས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་བཤད་བྱུང་།

    ད་ཆའི་བདེ་ཆེན་གྲོང་ཚོ་ནི་2008ལོར་བདེ་ཆེན་གྲོང་ཚོ་དང་འཆི་མེད་ལུང་གྲོང་ཚོ་གཉིས་ཟླ་སྒྲིལ་བཏང་བ་ཞིག་རེད། དུད་ཚང་56དང་མི་གྲངས་2269ཡོད་པའི་གྲོང་ཚོ་དེའི་ན་ནིང་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་7400ཟིན་པ་དང་། ཞིང་འབྲོག་པ་95%བདེ་སྡོད་ཁང་གསར་དུ་སྤོས་པ། ཁྱིམ་ཚང་40%ཡིས་རླངས་འཁོར་ཉོས་པའི་ཁར། གྲོང་ཚོར་ལུས་སྦྱོང་བྱེད་ས་དང་། ཞིང་ཁྱིམ་དཔེ་དེབ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཚང་མ་འཛོམས་ལ། བྱིས་པ་དེ་བས་མང་བ་རི་གྲོང་ནས་ཐོན་ཏེ་སློབ་ཆེན་དུ་སྐྱོད་བཞིན་ཡོད་པ་རེད།

    ད་ཆའི་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དེ་ནི་དམངས་གཙོ་བཅོས་སྒྱུར་མ་བྱས་གོང་ཉེ་རིང་གང་སར་སྐད་གྲགས་ཡོད་པའི་གོས་ཀྱིས་ལུས་པོ་འགེབས་མི་ཐུབ་པ་དང་ལྟོས་གྲོད་པ་མི་རྒྱགས་པའི“སྤྲང་པོའི་གྲོང་ཚོ”ཞིག་ཡིན་པ་སུས་ཤེས། བགྲེས་སོང་བྱམས་པ་ཚེ་རིང་གིས་བཅར་འདྲི་ཚོགས་ཆུང་ལ་བོད་གསར་རྙིང་གི་གནམ་ས་འཛོལ་བའི་ཧེ་བག་ཞིབ་པར་བཤད་བྱུང་སྟེ། “སྔོན་ཆད་ཤའི་བྲོ་བ་གང་འདྲ་ཞིག་ཡོད་མེད་ང་ཚོས་བསམ་བློ་གཏོང་མི་ཕོད། རང་ཉིད་ཀྱི་ཁྱིམ་ནི་མི་རབས་ནས་མི་རབས་བར་བྲན་གཡོག་རྒྱུག་མཁན་ཡིན། ‘སྐད་ཆ་ཤོད་ཤེས་ཙམ་གྱི་ཕྱུགས་ཟོག’ལྟ་བུ་ཞིག་ཡིན་སྟབས་འཚོ་བར་དཀའ་སྡུག་ཚད་མེད་ཡོད་པས། གང་སར་ལྟོ་སློང་བར་འགྲོ་དགོས་ཀྱི་ཡོད། ད་ཆ་ང་ཚོར་རང་ཁྱིམ་རང་བདག་བྱུང་བ་མ་ཟད། སྲིད་གཞུང་གིས་ད་དུང་ང་ཚོར་བདེ་སྡོད་ཁང་གསར་སྐྲུན་རོགས་བྱས་པ་དང་། ལོ་ལྟར་རྒྱལ་ཁབ་ནས་ང་ཚོར་ཁ་གསབ་སྣ་ཚོགས་སྤྲོད་ཀྱི་ཡོད། ཕྲུ་གུ་སློབ་གྲྭར་འགྲོ་བར་ཡང‘འགན་ལེན་གསུམ’གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། ནད་གཞི་ཕོག་སྐབས་སྨན་བཅོས་འགན་བཅོལ་ཡོད་པས་ང་ཚོའི་ཐོན་སྐྱེད་དང་འཚོ་བ་སོགས་གང་ས་ཅི་ཐད་ཇི་ལེགས་སུ་ཕྱིན་ནས་སྔོན་ཆད་དང་བསྡུར་ན་དངོས་འབྲེལ་གནམ་སའི་ཧེ་བག་འཛོལ་ཡོད”ཅེས་བཤད་རྗེས།

    བགྲེས་སོང་བྱམས་པ་ཚེ་རིང་གི་གདོང་ནས་བདེ་སྐྱིད་ལྡན་པའི་འཛུམ་མདངས་ཤིག་འཕྱུར།1959ལོར་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་རྗེས་བདེ་ཆེན་གྲོང་ཚོའི་གྲོང་མི་རྣམས་དངོས་འབྲེལ་རང་ཁྱིམ་རང་བདག་བྱུང་ནས་ཏང་གི་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་ཁྲིད་སྟོན་འོག་ཁོང་ཚོ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་འཚོ་བ་གསར་པ་བསྐྱལ་རྒྱུ་བྱུང་བ་དང་། ད་ཆ་བདེ་ཆེན་གྲོང་ཚོ་ནི་ཞིང་ལས་གཙོ་བོར་བྱེད་མཁན་གྱི་གྲོང་ཚོ་ཞིག་ཏུ་འཕེལ་རྒྱས་ཕྱིན་ནས་འདེབས་འཛུགས་ལས་རིགས་ཀྱི་ཡོང་འབབ་ཀྱིས་གྲོང་ཚོ་ཡོངས་ཀྱི་ཡོང་འབབ་ཀྱི་60%ཡན་ཟིན་ཡོད། གཞན་ཡང་གྲོང་མི་ཚོས་ད་དུང་སྒྱུར་བཅོས་ཀྱི་དཔྱིད་རླུང་དང་བསྟུན་ནས་ཕྱི་ཕྱོགས་སུ་ལས་མིར་བསྐྱོད་པ་དང་། སྐྱེལ་འདྲེན་ལས་རིགས་གཉེར་བ། ཚོང་ཁང་བཙུགས་པས་ཡོང་འབབ་ལོ་རེ་ལས་ལོ་རེ་མ་འདས་པར་འཕར་ནས་སྔོན་ཆད་ཀྱི“སྤྲང་པོའི་གྲོང་ཚོ”དེ་ད་ཆ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པའི་གྲོང་གསེབ་གསར་པ་ཞིག་ཏུ་གྱུར་ཡོད།

    སྡིངས་ཁ་གྲོང་ཚོ།

    སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ལུས་པ་ཚོའི་སྣེ་འཁྲིད་བཞིན་པ།

    སྡིངས་ཁ་གྲོང་ཚོ་ནི་བདེ་ཆེན་ཤང་གི་འབྲོག་ལས་གྲོང་ཚོ་ཞིག་ཡིན་པ་དང་དེ་གར་རྩྭ་ཆུ་བཟང་ཞིང་། གང་དེའི་ཚགས་ཤར་སྐད་གྲགས་ཆེན་པོ་ཡོད། འོན་ཀྱང་སྔོན་ཆད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། རྗེས་ལུས་ཀྱི་གསོ་ཚགས་ལག་རྩལ་དང་དེ་བཞིན་རྙིང་ཞེན་བག་འཁུམ་གྱི་བསམ་བློས་རྐྱེན་པས་གྲོང་ཚོ་དབུལ་པོ་ཞིག་རེད།

    2009ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་གྲོང་གསེབ་ཀྱིས་གཉེར་བའི་མཉམ་ལས་ཁང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཕྱུག་འགྱུར་བསམ་བློ་ལྡན་པའི་ཡུལ་མིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྣེ་ཁྲིད་པ་དང་ཆབས་ཅིག ཡུལ་མི་ཕྱུག་པོ་ཆགས་རྒྱུའི་སྣེ་འཁྲིད་དགོས་པའི་ལྕག་སྐུལ་བཏང་ཡོད། དེ་ནི་སྡིངས་ཁ་གྲོང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་ཐོབ་པར་དཀའ་བའི་གོ་སྐབས་ཤིག་རེད།

    བཅར་འདྲི་ཚོགས་ཆུང་དང་བཅས་པ་སྡིངས་ཁ་གྲོང་ཚོའི་ཡུལ་མི་ཟླ་བའི་ཁྱིམ་དུ་བསྐྱོད་པ་ཡིན། ཁོང་གི་སྒོ་རའི་ནང་གསར་དུ་བསྐྲུན་པའི་བཟོ་ཁང་ཆུང་གྲས་དེ་སྤྲོ་ཁང་འདྲ་བའི་སྡོད་ཁང་གི་ཁ་སྤྲོད་དུ་གནས་ཡོད་པ་མཐོང་བྱུང་། “དེ་ནི་ངའི་ཁང་པ་རེད། འདི་ནི་གསར་དུ་བསྐྲུན་པའི་བཟོ་ཁང་རེད། ང་ཚོས་གོམ་སྟབས་རྗེས་མར་བཟོ་ཁང་གི་རྒྱབ་ངོས་སུ་སླར་ཡང་བཟོ་ཁང་སྔར་བས་ཆེ་བ་ཞིག་སྐྲུན་རྩིས་ཡོད”ཅེས་ཟླ་བས་རང་ཉིད་ཀྱི་ཁང་པ་དང་བཟོ་ཁང་ལ་མཛུབ་མོ་བཙུགས་ནས་བཤད་བྱུང་།

    དོན་དངོས་ཐོག་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་ཆེན་པོ་བྱུང་བ་དང་བསྟུན། བོད་ཀྱི་ཁྱད་ལྡན་ཡུལ་སྐོར་བཟའ་བཅར་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ཕྱིར་ཚོང་བྱེད་ཚད་ལོ་རེ་བཞིན་མང་དུ་སོང་བ་དེས་སྡིངས་ཁ་གྲོང་ཚོའི་ཡུལ་མིར་ཚོང་རྒྱག་པའི་གོ་སྐབས་བྱུང་ཡོད།

    2009ལོར་ཟླ་བའི་བཟའ་ཟླ་གཡང་འཛོམས་ཀྱིས་ང་ཚོས་བསྐམས་པའི་ཤ་སྐམ་པོར་མི་ཚང་མས་ཞིམ་པོ་འདུག་ཅེས་བརྗོད་ཀྱི་ཡོད་པས། དེ་ཁྲོམ་རར་བཏོན་ནས་ཡུལ་སྐོར་བས་རང་རེའི་ས་མཐོའི་ཁྱད་ལྡན་བཟའ་བཅའི་བྲོ་བ་མྱོང་དུ་མི་འཇུག་དོན་ཅི་ཡིན་བཤད་པས་ཟླ་བའི་བློ་སྒོ་ཕྱེ་ཡོད།

    “2009ལོར་ང་ཚོར་བདེ་ཆེན་ཤང་གི་དེ་སྔའི་ཤང་ཀྲང་ཟླ་བ་སྒྲོལ་མས(ད་ལྟའི་སྟོད་ལུང་བདེ་ཆེན་རྫོང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གཞོན་པ)ང་ཚོར་བློ་སྤོབས་ཆེན་པོས་ལས་ཀ་གྱིས། རང་རེའི་མི་སེར་ཕྱུག་འགྱུར་གྱི་དོན་དག་ཡིན་ཚེ་རིམ་ཁག་འགོ་ཁྲིད་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན་ཚུལ་བརྗོད་བྱུང་། ཁོང་གིས་དེ་ལྟར་བཤད་པ་དང་སྐབས་རིམ་བྱུང་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཀྱང་ང་ཚོར་དེ་ལྟར་བྱེད་ཀྱི་ཡོད”ཅེས་ཟླ་བས་ང་ཚོར་ཞིང་འབྲོག་པའི་མཉམ་ལས་ཁང་གི་འཕེལ་རྒྱས་ཀྱི་ཆེད། སྐབས་སོ་སོའི་རྫོང་གི་འགོ་ཁྲིད་ཚན་ཁག་གིས་ཁོ་ཚོར་ཐབས་ཇུས་བཏོན་པ་མ་ཟད། ཁོ་ཚོའི་དོན་དུ་བརྒྱུགས་ནས་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་པ་དང་བཟོ་ཚོང་ལས་གཉེར་ལག་ཁྱེར་དང་ཁྲལ་དོན་ཐོ་འགོད་དཔང་ཡིག་སོགས་གཉེར་ཚུལ་བརྗོད་བྱུང་། “དེ་མིན་གཞན་ཡང་རང་རེའི་ཤང་གི་ད་ལྟའི་འགོ་ཁྲིད་ཚན་ཁག་གིས་ང་ཚོའི་ཚགས་ཤ་སྐམ་པོ་ཁྲོམ་རར་འཚོང་ཐུབ་པའི་ཆེད། ཕྱིར་ཚོང་བའི་འགན་འཁྲི་ཁུར་བ་དང་། རྟག་ཏུ་ང་ཚོར་ཐོན་རྫས་བྲིན་ཚོང་བྱེད་རོགས་བྱེད་ཀྱི་ཡོད”ཅེས་ཟླ་བས་ཤང་ཏང་ཨུད་དང་སྲིད་གཞུང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁོ་ཚོར་མ་དངུལ་བརྩོན་ལེན་བྱས་པ་མ་ཟད། ཚགས་ཤ་སྐམ་པོའི་སྣ་ཁ་ལེགས་སྒྱུར་ཐད་གྲོས་འགོ་མང་པོ་བཏོན་ཚུལ་བརྗོད་བྱུང་། 2014ལོ་ཁོ་ནར་ཟླ་བས་གཉེར་བའི་ཚགས་ཤ་སྐམ་པོ་ལས་སྣོན་མཉམ་ལས་ཁང་གིས་ལོ་གཅིག་རིང་ཚགས་ཤ་སྐམ་པོ་རྒྱ་མ་ཁྲི་1ལྷག་བཙོངས་ཐུབ་ནས་ཁེ་སྤོགས་སྒོར་ཁྲི་70ལྷག་ཐོབ། ཟླ་བའི་སྣེ་ཁྲིད་འོག་སྡིངས་ཁ་གྲོང་ཚོའི་དུད་ཁྱིམ་དཀའ་ངལ་ཅན་29འཚོ་བ་དཀའ་ངལ་གྱི་གནས་ལས་ཐར་བ་རེད།

    བྱེད་ཐབས་དེས་གྲོང་མི་ཕྱུག་པོར་གྱུར་པ་མ་ཟད། དེ་བས་ཀྱང་དུད་ཁྱིམ་དཀའ་ངལ་ཅན་ཕྱུག་པོར་གྱུར་ཡོད། སྡིངས་ཁ་གྲོང་ཚོའི་འོག་གི་མོང་སྟོད་རང་བྱུང་གྲོང་ཚོའི་དུད་ཁྱིམ་དབུལ་པོ་བུ་ཆུང་ལ་མ་གཞི་ཁྱིམ་དུ་ནོར་4དང་སྦྲ་གུར་གཅིག་ཙམ་ལས་མེད་ཀྱང་། དུས་ཐུང་ལོ་3གྱི་རིང་ཁོང་ལ་རང་ཉིད་ཀྱི“སྤྲོ་ཁང”ལྟ་བུའི་ཁང་པ་ཡོད་པ་མ་ཟད། ནོར་40བདག་པོར་གྱུར།

    ད་ལྟའི་ཆར་གང་དུ་སོང་ཡང་སྔོན་ཆད་ཀྱི་གྲོང་གསེབ་དབུལ་ཕོངས་ལས་བདེ་སྐྱིད་ཀྱི་དགོད་སྒྲ་མཆེད་འོང་གིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།