དབུ་ཤོག>གསར་འགྱུར།
  • ཇ་སྲུབས་མའི་བསུང་ཞིམ་ཁྲོད་ཀྱི་ལས་གཏོད་ཕུགས་འདུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-17

    བོད་དུ“གཡག་མགོ”རྟགས་ཅན་གྱི་ཇ་བསྲུའི་འཕྲུལ་ཆས་ཀྱི་སྤུས་ཀ་ལེགས་པ་དང་ཡིད་རྟོན་མཐོ་བར་བརྟེན། ཞིང་འབྲོག་ཁུལ་གྱི་ཁྱིམ་དུད་ཚང་མའི་ཇ་སྲུབས་མ་བཟོ་བའི་གློག་ཆས་གཙོ་བོར་གྱུར་ཡོད། ད་ཆ་ཡང་བར་སྐོར་ནུབ་ངོས་ཀྱི་གཙུག་ལག་ཁང་ཐང་ཆེན་དུ་ཡོད་པའི“གཡག་མགོ”རྟགས་ཅན་གྱི་གློག་སྒུལ་ཇ་བསྲུའི་འཕྲུག་ཆས་ཆེད་ཚོང་ཁང་དུ་ཇ་བསྲུའི་འཕྲུལ་ཆས་ཉོ་མཁན་ཧ་ཅང་མང་པོ་ཡོད།

    “གཡག་མགོ”རྟགས་ཅན་གྱི་གློག་སྒུལ་ཇ་བསྲུའི་འཕྲུལ་ཆས་ཀྱི་སྲོལ་གཏོད་མཁན་ནི་ཆབ་མདོ་ས་ཁུལ་གོ་འཇོ་རྫོང་གི་ཨ་སྲོང་ཡིན། ཁོང་ལ་ཆུང་དུས་ནས་ཚོང་་རྒྱག་པའི་བློ་གྲོས་ལྡན་ཞིང་། ལོ་11ནས་བཟུང་ཁོང་གིས་ཁྱིམ་ལ་ཁུ་ལུ་དང་ཁ་གདན་སོགས་ཁྱིམ་ཏུ་བཏགས་པའི་ལག་ཤེས་ཚོང་ཟོག་ཚོང་རོགས་བྱས་ནས། ལོ་15ལ་སོན་སྐབས་ཁོང་གྲོང་ཚོ་དང་དུད་ཚང་གི་སྒོ་ཁར་བསྐྱོད་མཁན་གྱི་གྲོང་གསེབ་ཀྱི་ཚོང་པ་ཞིག་ཏུ་གྱུར། 1979ལོར་ལོ་17ལ་སླེབས་པའི་ཁོང་ལྷ་སར་ཡོང་ནས་ཚོང་ཙག་ཙིག་རྒྱག་འགོ་ཚུགས།

    དེ་སྔ་བོད་ཁྱིམ་དུ་སྤྱོད་པ་ནི་ཤིང་གི་ཇ་མདོང་ཡིན་ཞིང་། བོད་ལྗོངས་ས་ཁུལ་གྱི་དགུན་ཁ་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བ་དང་དབྱར་ཁ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་ཤིང་གི་ཇ་མདོང་གས་སླ་ལ་སྤྱོད་སྐབས་དཀའ་ལས་ཆེ་བ་མ་ཟད། གཙང་མ་ཡང་མེད། སྟེས་དབང་གི་བསམ་བློ་ཞིག་གིས་ཁོང་ལ་རང་ཉིད་ཀྱི་བྱ་གཞག་གཏོད་པའི་གོ་སྐབས་ཤིག་རྙེད།

    “སྐབས་དེ་དུས་ལྷ་སའི་ཁྱིམ་ཚང་ཚང་མས་ནེ་པ་ལ་ནས་ནང་འདྲེན་བྱས་པའི་ཤིང་འབྲས་འཚག་བྱེད་འཕྲུལ་ཆས་སྤྱོད་པ་དེར་གཤོངས་ཚད་ཆུང་བས་འཚག་ཐེངས་གཅིག་ལ་ཕོར་པོ་ཁ་ཤས་ལས་མེད་པ་མ་ཟད། དུས་ཚོད་འཕྲོ་བརླག་དང་སྟབས་བདེ་ཡང་མེད་པས་རང་ཉིད་ཀྱིས་དེ་སྒྱུར་བཟོ་བྱེད་པའི་བསམ་བློ་འཁོར་བྱུང”ཞེས་བཤད།

    1995ལོའི་ལོ་མཇུག་ཏུ་སློབ་ཆེན་སློབ་མ་ཁག་གཅིག་གི་རོགས་རམ་འོག་ཁྱིམ་སྤྱོད་སྲུབ་དཀྲུག་འཕྲུལ་འཁོར་གྱི་རྩ་བའི་རིག་པར་གཞིགས་ནས་ཁོང་གིས་གློག་སྒུལ་ཇ་བསྲུའི་འཕྲུལ་ཆས་ཐོག་མ་དེའི་དཔེ་དབྱིབས་ཤིག་བཟོས། ཁོང་གིས་བོད་ཀྱི་ཁེ་ལས་ཁག་མང་པོ་བཙལ་རུང་ཁེ་ལས་གཅིག་གིས་ཀྱང་འཕྲུལ་ཆས་དེ་རིགས་ཐོན་སྐྱེད་བྱེད་ཐུབ་ཀྱི་མེད། བློས་གཏོང་བྱེད་མི་འདོད་པའི་ཁོང་གིས་ནང་སར་མཉམ་ལས་རོགས་ཟླ་འཚོལ་བར་བསྐྱོད་ནས་མཐར་ཀོང་ཀྲོའུ་གྲོང་ཁྱེར་ཅ་ཧྥ་གློག་ཆས་བཟོ་གྲྭ་དང་མཉམ་ལས་བྱས་ནས་ཕྱི་ཁོག་འགྱིག་ཡིན་པའི་གློག་སྒུལ་ཇ་བསྲུའི་འཕྲུ་ཆས་4000བཟོས།

    དེ་ནས་བཟུང་ཡིག་རྨོངས་ཡིན་པའི་གྲོང་གསེབ་པ་ཁོང་ལ་རང་ཉིད་ཀྱི་ཁེ་བེད་བདག་ཐོབ་ཡོད་པའི་ཐོན་རྫས་ཏེ“གཡག་མགོ”རྟགས་ཅན་གྱི་གློག་སྒུལ་ཇ་བསྲུའི་འཕྲུལ་ཆས་ཡོད། དེ་ནས་འཕྲུལ་ཆས་དེ་རྐྱང་པ་ནས་རིགས་2དང་ཚད་གཞི་6བར་འཕེལ་རྒྱས་བཏང་སྟེ་ཁྱིམ་ཚང་མི་འདྲ་བའི་དགོས་མཁོ་བསྐངས་ཡོད། ཁོང་གིས་སྔ་རྗེས་སུ་ལྷ་ས་དང་། ལྷོ་ཁ། ཁྲེང་ཏུའུ་བཅས་སུ་རང་ཉིད་ཀྱི་བྲིན་ཚོང་ཁང་བཙུགས་པས་ལོ་ལྟར་གློག་སྒུལ་ཇ་བསྲུའི་འཕྲུལ་ཆས་ཁྲི་1ལྷག་ཙམ་བྲིན་གྱི་ཡོད།

    “ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས་པ”ལྟར་ལས་ཀ་གང་ཞིག་བྱས་རུང་འགོ་བཙུགས་ཕྱིན་ངེས་པར་དུ་ལེགས་སྒྲུབ་ཐུབ་པ་བྱེད་དགོས། ལས་གཏོད་ལམ་བུར་དཀའ་ངལ་ཆེན་པོ་འཕྲད་རུང་ངས་བརྒྱུད་རིམ་དེར་ལོངས་སྤྱོད་བྱེད་ཀྱི་ཡོད། ཕམ་པ་མཐའ་དག་ངས་རྩ་ཆེའི་ཉམས་མྱོང་དུ་བརྩི་གི་ཡོད”ཅེས་ལས་གཏོད་ཀྱི་དཀའ་ངལ་སྐོར་གླེང་སྐབས་ཁོང་གིས་དགོད་ཤིག་ཤིག་གིས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།