དབུ་ཤོག>གསར་འགྱུར།
  • ཞིང་ལས་ལག་རྩལ་ཁྱབ་གདལ་ལས་དོན་ལ་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཀྲང་ཧྲང་ཧྭ་ཡིས།   |     སྤེལ་དུས།  2015-07-15

    ལོ་མང་རིང་རང་ལྗོངས་ཀྱི་རིམ་ཁག་སྲིད་གཞུང་གིས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པས་དགའ་འོས་པའི་གྲུབ་འབྲས་ཐོན་ཡོད་ལ་ཞིང་ལས་ལག་རྩལ་ཁྱབ་གདལ་ལས་དོན་གཏིང་ཟབ་སྤེལ་ཐུབ་པ་དང་ཚན་རྩལ་ཞིང་དར་གྱི་བསམ་བློ་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱུང་ཡོད། ཡིན་ནའང་གཞི་རིམ་དུ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་དང་དཔུང་ཁག་འཛུགས་སྐྱོང་ཐད་སྔར་བཞིན་སྒྲིག་བཀོད་ཆ་རྐྱེན་ཞན་པ་དང་། འགན་ལེན་བྱ་ཐབས་མི་འདང་བ། མི་སྣའི་བྱང་ཚད་ཅུང་དམའ་བ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོ་གནས་པས་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་འཛུགས་སྐྲུན་དང་དཔུང་ཁག་འཛུགས་སྐྱོང་བརྟན་པོ་ཡོང་རྒྱུ་དང་ཞིང་ལས་ལག་རྩལ་ཁྱབ་གདལ་བྱ་གཞག་གོང་འཕེལ་འགྲོ་རྒྱུར་ཚོད་འཛིན་ཐེབས་ཡོད།

    ཚན་རིག་དང་མཐུན་པའི་ངང་མི་སྣའི་སྒྲིག་ཁོངས་བཀོད་སྒྲིག་བྱས་ནས་མ་ལག་འཁོར་སྐྱོད་ཀྱི་གསོན་ཤུགས་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་དགོས། རྫོང་རིམ་པ་བརྟན་པོ་ཡོང་བ་དང་། ཤང་རིམ་པར་ཤུགས་སྣོན་རྒྱག་པ། གྲོང་ཚོ་རིམ་པར་ཁྱབ་སྤེལ་གཏོང་བ་བཅས་ཀྱི་བསམ་ཕྱོགས་ལ་དམིགས་ནས་སྒྲིག་གཞི་དང་མི་སྣ་གཏན་འཁེལ་གྱིས་རྫོང་རིམ་པའི་ཞིང་འབྲོག་ལས་དོ་དམ་སྡེ་ཚན་གྱིས་ཤང་གྲོང་ཞིང་ལས་ལག་རྩལ་སྒྲིག་གཞིར་མི་སྣ་བཀོད་སྒྲིག་དང་། དཔྱད་ཞིབ། གནས་སྤོར། དོ་དམ་དང་མཛུབ་ཁྲིད་བཅས་ཀྱི་འགན་འཁུར་དགོས། དེང་རབས་ཅན་གྱི་ཞབས་ཞུ་བྱེད་སྟངས་ཁྱབ་སྤེལ་གཏོང་བ་དང་ཞིང་འབྲོག་ལས་ཀྱི་ཚན་རྩལ་དྲ་རྒྱའི་དཔེ་མཛོད་ཁང་གང་ལེགས་སྤྱད་དེ་རྫོང་དང་ཤང་རིམ་པའི་ཞིང་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞི་དང་། ཞིང་ལས་ལག་རྩལ་མི་སྣ། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཚོད་ལྟའི་དཔེ་སྟོན་རྟེན་གཞི། ཞིང་ལས་ཁེ་ལས་སོགས་ལ་ཕུན་སུམ་ཚོགས་ལ་སྤྱོད་གོ་ཆོད་པའི་དེང་རབས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་བྱ་མཁོ་འདོན་བྱེད་དགོས།  

    སྔར་ལས་ལྷག་པའི་ངང་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣའི་ལས་ཀའི་ཧུར་སེམས་འདོན་སྤེལ་གང་ལེགས་ཀྱིས་ཚན་རྩལ་ལས་དོན་མི་སྣས་རང་ངོས་ཀྱི་སློབ་སྦྱོང་དང་ལག་ལེན་དངོས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ཐོག་ཁོང་ཚོའི་བྱང་ཚད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ཐབས་ལམ་མང་བའི་ངང་འབྲེལ་ཡོད་ལག་རྩལ་མི་སྣ་གདན་དྲངས་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དཔུང་ཁག་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣའི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ཁར་རིམ་དབྱེ་དང་རིགས་དབྱེའི་སྒོ་ནས་ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣ་གསོ་སྦྱོང་བྱེད་དགོས།

    དོ་དམ་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཚད་ལྡན་ཅན་གྱི་དོ་དམ་ཐུབ་པ་དང་། འགན་འཁྲི་ནུས་ལྡན་སྒྲུབ་པ། ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི“མཐའ་མའི་འགག་གནད་གཅིག”གི་གནད་དོན་ཐག་གཅོད་བྱས་ཐོག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ཞིང་ལས་ཚན་རྩལ་གྱི་དགོས་མཁོ་སྐོང་དགོས། ཞིང་འབྲོག་ལས་ཀྱི་ཚན་རྩལ་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་མཐོང་ཆེན་གྱིས་དཔེན་སྟོན་ཁུལ་ལ་དམ་འཛིན་མངོན་གསལ་དོད་པོ་བྱེད་དགོས། རྫོང་དང་ཤང་གི་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་ཚན་པས“ས་ཚིགས་སུ་ཁུལ་གཉེར་བ་དང་། ཁུལ་ལ་བརྟེན་ནས་ས་ཚིགས་གསོ་བ། དཔེ་སྟོན་དང་ཁྱབ་གདལ་ཟུང་འབྲེལ་བྱེད་པ། ཐོན་ལས་གོང་འཕེལ་དང་རང་ངོས་གོང་འཕེལ་མཉམ་དུ་གནས་པ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལྟར་ཞིང་འབྲོག་ལས་ཀྱི་ཚན་རྩལ་དཔེ་སྟོན་ཁུལ་ཧུར་ཐག་བཙུགས་ནས་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ་ཆ་ལག་སྒྲིག་ནས་འགྲེམས་སྟོན་དང་ཞིང་འབྲོག་པས་ལག་རྩལ་སྦྱོང་རྒྱུ་དང་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།