དབུ་ཤོག>གསར་འགྱུར།
  • སྲིད་ཇུས་བཟང་པོར་བརྟེན་ནས། ཕྱུག་པོའི་ལམ་དུ་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-15

    ལེ་ཚན་གཏོད་པའི་གཏམ།

    འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་རེད། ལོ་50ཡི་རིང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“རང་ལྗོངས་དང་མཉམ་དུ་འཚར”ཞེས་པའི་ཆེད་བསྒྲིགས་ལེ་ཚན་གཏོད་ནས་གཞི་རིམ་གྱི་ལས་བྱེད་དང་མང་ཚོགས་50ཡི་མཐོང་ཟུར་བརྒྱུད་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་རིང་གི་འགྱུར་ལྡོག་ཆེན་པོར་ཕྱི་མིག་བལྟས་ནས་ཁོང་ཚོ་བོད་གསར་པ་དང་མཉམ་དུ་འཚར་ལོངས་བྱུང་བའི་གཏམ་རྒྱུད་བརྗོད་རྒྱུ་ཡིན་པས་དགོངས་འཇགས་འཚལ།

    མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་སྲིད་གཞུང་ནི་རྒྱལ་ལམ་318ཀྱི་འགྲམ་དུ་གནས་ཤིང་། ཤང་སྲིད་གཞུང་ནས་ཁྲོན་བོད་གཞུང་ལམ་གྱི་ཤར་ངོས་སུ་སྨི་50ཙམ་ཕྱིན་ཏེ་ལམ་མདོ་ནས་གཡས་ཕྱོགས་སུ་བསྐྱོད་ཚེ་གཟི་ཕུག་ལུང་ཤུར་དུ་འབྱོར་གྱི་ཡོད། རྩྭ་ཆུ་བཟང་བའི་འབྲོག་ར་དེར་ཤ་ཤེད་རྒྱས་པའི་འབྲི་གཡག་ཁྱུ་དང་ཁྱུ་ཅི་དགར་རོལ་བཞིན་མཆིས། 

    ལོ་འགའི་གོང་གསར་འགོད་པས་དེ་གར་བཅར་འདྲིར་ཡོང་མྱོང་། སྐབས་དེ་དུས་དང་བསྡུར་ན་ལམ་མདོར་ཟ་ཁང་འགའ་ཤས་དང་བཟོ་ལྟ་སྣ་ཚོགས་པའི་གྱོན་ཆས་དང་བོད་ཆས་ཚོང་ཁང་གཉིས་མང་དུ་ཕྱིན་པ་སོགས་གྲོང་ཚོ་ཡོངས་དྲན་འཆར་ནང་དང་གཅིག་མཚུངས་རེད་མི་འདུག

    གསར་འགོད་པ་ཚོང་ཁང་ཞིག་ཏུ་བཅར་འདྲིར་བསྐྱོད་པ་ཡིན། ཚོང་ཁང་གི་སྦྱིན་བདག་མིང་ལ་ཁྲ་ཁོག་ཟེར་བ་དང་རྡོ་མཁར་ཚོགས་ཆུང་གི་ཡུལ་མི་རེད་འདུག ཁོང་1965ལོའི་ཟླ་6པར་དེ་གར་སྐྱེས་པ་དང་ད་ཆ་གྲ་སྒྲིག་ཏང་ཡོན་རེད་འདུག ད་ཆ་ཁྲ་ཁོག་གི་ནང་མི་གསུམ་པོ་སྨི་ངོས་གྲུ་90ཟིན་པའི་ཉིས་ཐོག་ཅིག་ནང་སྡོད་ཀྱི་ཡོད། “2013ལོར་མལ་གྲོ་གུང་དཀར་རྫོང་དུ‘3·29’རི་ཉིལ་བའི་རང་བྱུང་གནོད་འཚེ་བྱུང་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བསྐྱར་སྐྲུན་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་སྟེ་ཁྱོན་མང་ཚོགས་དུད་ཚང་46གི་བདེ་སྡོད་ཁང་གསར་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་། གྲོང་ཚོའི་བུ་བཅོལ་ཁང་སོགས་དང་ཞོར་གཏོགས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་གསར་སྐྲུན་བྱས་ཡོད”ཅེས་ཁྲ་ཁོག་གིས་གསར་དུ་བསྐྲུན་པའི་ཁང་པར་མཛུབ་མོ་བཙུགས་ནས“ང་ཚོ་ཡང་ཁ་སྤྲོད་ཀྱི་རི་གཤམ་ནས་འདི་གར་གནས་སྤོ་བྱས་པ་ཡིན། དངུལ་སྐར་ལི་གཅིག་ཀྱང་འདོན་མི་དགོས་པར་གཙང་སྦྲ་ལེགས་ཤིང་དཀར་ཆ་དོད་ལ་རྨང་གཞིའི་སྒྲིག་ཆས་ཆ་ཚང་བའི་ཁང་གསར་ནང་སྡོད་རྒྱུ་བྱུང”ཞེས་བཤད། མང་ཚོགས་དུད་ཚང་46ཡོད་པའི་ནང་ནས་དུད་ཚང་གཉིས་ཀྱི་མང་ཚོགས་ཀྱིས་འདི་གར་ཚོང་ཙག་ཙིག་རྒྱག་བཞིན་ཡོད་ཅིང་། ཁྲ་ཁོག་ཀྱང་དེའི་གྲས་ཤིག་རེད་འདུག

    གཟི་ཕུག་ལུང་ཤུར་དེ་སྔོན་ཆད་པཎ་ཆེན་རིན་པོ་ཆེའི་འབྲོག་རའི་གྲས་ཤིག་རེད། གཟི་ཕུག་འབྲི་གཡག་གི་ཤ་ཤེད་ལེགས་པས་བོད་ལ་སྐད་གྲགས་ཆེན་པོ་ཡོད་སྟབས་བོད་རྙིང་པར་དཔོན་ཆེན་དང་སྐུ་དྲག་གི་ཟས་མཆོག་རེད། “མ་གཞི་མཛེས་སྡུག་ལྡན་པའི་གནས་འདིར་འཚོ་བ་སྐྱེལ་གྱི་ཡོད་རུང་སྤྱི་ཚོགས་རྙིང་པར་མི་ཚང་མ་ལྟོས་གྲོད་པ་མི་རྒྱགས་པར་ཧ་ཅང་ཡ་ང་བའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད”ཅེས་ཁྲ་ཁོག་གིས་དྲན་གསོ་བྱས་ནས་བཤད།

    སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ས་གཞི་ཆེན་པོར་ལྡང་བ་དང་སྦྲགས་གཟི་ཕུག་ལུང་ཤུར་གྱི་ཞིང་འབྲོག་པའི་ཁྱིམ་ཚང་དུའང་ལྡང་ཞིང་། གཟི་ཕུག་གི་འབྲི་གཡག་ཀྱང་ཚོང་ཟོག་ཏུ་འགྱུར་ཏེ་ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི“མཆོག་ནོར”ཞིག་ཏུ་གྱུར། གཟི་ཕུག་གི་འབྲི་གཡག་གཟུགས་སྟོབས་ཆེན་པོ་ཡོད་པས་བོད་ཀྱི་འབྲི་གཡག་སྤུས་ལེགས་ཆེ་གྲས་བཞིའི་གྲས་ཤིག་ཡིན་པ་དང་དེའི་རྩིད་པ་དང་། རུས་པ། ཤ མར། ཞོ་སོགས་ལས་སྣོན་ཐོན་རྫས་ལ་ཁྲོམ་རའི་ཐོག་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “སྔོན་ཆད་འབྲི་གཡག་གསོས་ནས་ཡུལ་མི་ཚོས་རང་མཁོ་རང་སྤྲོད་བྱེད་པ་ཙམ་ལས་འཚོང་གི་མེད། དུས་རབས་གོང་མའི་ལོ་རབས་90ནས་བཟུང་ཡུལ་མི་ཚོ་ལུང་ཤུར་ནས་ཐོན་ནས་ཁྲོམ་རའི་ནང་ཞུགས་འགོ་ཚུགས་ཤིང་། གཟི་ཕུག་ལུང་ཤུར་གྱི་འབྲི་གཡག་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུགས་པོ་ཡོད”ཅེས་ཁྲ་ཁོག་གིས་བརྗོད་བྱུང་།

    2014ལོར་གཟི་ཕུག་གྲོང་ཚོའི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལས་བརྒལ་ཞིང་། འབྲི་གཡག་གསོ་ཚགས་བྱ་རྒྱུ་དེ་གཟི་ཕུག་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་གསོག་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པ་དང་མང་ཚོགས་ཀྱི་འབྲི་གཡག་གསོ་ཚགས་བྱེད་པའི་ཧུར་སེམས་ཀྱང་ཆེ་རུ་ཆེན་པོ་ཕྱིན་ཡོད། ཕན་པ་ཐོབ་པའི་ཡུལ་མི་མང་པོ་དང་འདྲ་བར་ཁྲ་ཁོག་གིས་ཀྱང་རང་ཁྱིམ་གྱི་གསོ་ཚགས་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ཡོད། “དེ་སྔོན་ང་ཚོའི་ཁྱིམ་ལ་འབྲི་གཡག་གི་མགོ་གྲངས་20ཡང་ཟིན་གྱི་མེད། ཕྱིས་སུ་དུད་ཁྱིམ་ཀུན་གྱིས་གསོ་ཚགས་གྲངས་ཚད་མང་དུ་བཏང་བར་བརྟེན་ང་ཚོའི་ཁྱིམ་གྱིས་ཀྱང་ཀུན་དང་འདྲ་བར་གཞི་ཁྱོན་ཆེ་རུ་བཏང་བས་ད་ཆ་འབྲི་གཡག་་མགོ་གྲངས་55ཟིན་ཡོད་པ་དང་ན་ནིང་ད་དུང་གྲོང་ཚོའི་འབྲི་གཡག་གསོ་ཚགས་མཉམ་ལས་ཁང་ནང་ཞུགས་པས་མ་བྲིན་པའི་སེམས་ཁྲལ་མི་འདུག ‘3·29’རི་ཉིལ་བའི་རང་བྱུང་གནོད་འཚེ་བྱུང་རྗེས་ང་ཚོས་གསོ་ཚགས་བྱས་པའི་འབྲི་གཡག་60ལྷག་ཙམ་ཤི་བས་སྲིད་གཞུང་གི་སྐྱིན་ཚབ་སྒོར་ཁྲི་40ལྷག་ཙམ་རག་བྱུང”ཞེས་ཁྲ་ཁོག་གིས་དགའ་སྤྲོ་འཁོལ་བའི་ངང་བརྗོད་བྱུང་།

    “ངའི་འཚོ་བའི་ཆུ་ཚད་གྲོང་ཚོའི་ནང་འབྲིང་གྲས་ཙམ་རེད། གཟི་ཕུག་ལུང་ཤུར་གྱི་མང་ཚོགས་ཚང་མར‘ཕྱུག་འགྱུར་ཐབས་ལམ’ཡོད་པ་མ་ཟད། ཐོག་བརྩེགས་ཅན་གྱི་ཁང་གསར་ནང་སྡོད་ཀྱི་ཡོད། ད་དུང་ཚང་མར་རླངས་འཁོར་ཡོད་པས་གཞོན་སྐྱེས་ཚོ་ཤང་དང་། གྲོང་ཁྱེར། ལྷ་ས་བཅས་སུ་གྱོན་ཆས་དང་དར་སོ་ཆེ་བའི་ཅ་དངོས་ཉོ་བར་འགྲོ་གི་ཡོད། འཚོ་བའི་ཆུ་ཚད་གོང་མཐོར་ཧུར་ཐག་གཏོང་བ་ཕུད་ཚང་མས་ད་དུང་མི་སུ་ཞིག་གི་གྱོན་གོས་ལེགས་པ་དང་སུའི་ཁྱིམ་ཚང་གི་གཙང་སྦྲ་ལེགས་པ་སོགས་ལ་དོ་སྣང་བྱེད་ཀྱི་ཡོད”ཅེས་ཁྲ་ཁོག་གིས་དགའ་ཚོར་ཆེན་པོས་བརྗོད་པ་དང་ཁོང་གིས“གྲོང་ཚོ་ནས་རྒྱལ་ལམ་318བར་གྱི་སྣུམ་ནག་ལམ་མགྱོགས་མྱུར་སྐྲུན་འགོ་འཛུགས་རྒྱུ་རེད་འདུག་ལ་མཉམ་ལས་ཁང་གི་གཉེར་སྐྱོང་ཡང་རིམ་བཞིན་ཚད་ལྡན་དུ་འགྲོ་བཞིན་ཡོད་པས་ང་ཚོས་དམའ་རིམ་སློབ་འབྲིང་ཐོན་ཉེར་ཡོད་པའི་ཕྲུ་གུ་ནང་སའི་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པར་གཏོང་རྩིས་ཡོད། ཉིན་ལྟར་འཚོ་བར་རེ་བས་ཁེངས་པའི་སྣང་བ་ཡོང་གི་འདུག”ཅེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།