དབུ་ཤོག
  • སྲོག་ཉེན་ཡོད་པས་གཙང་པོར་ཆུ་རྐྱལ་རྒྱག་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-14

    དབྱར་གསེང་འཆར་ཉེར་ཡོད་པ་དང་སྦྲགས་དབྱར་གསེང་རིང་གི་བདེ་འཇགས་དེ་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་ལྟར་དབྱར་གསེང་རིང་ཆུར་ལྷུངས་བ་དང་། འགྲིམ་འགྲུལ་ལས་འཛོལ། ཁྱིས་རྨུག་པ་སོགས་བསམ་ཡུལ་ལས་འདས་པའི་ལས་འཛོལ་དེ་དག་རྒྱུན་གཏན་མིན་པའི་བྱིས་པ་ཤི་རྐྱེན་དུ་འགྱུར་ཞིང་། དབྱར་གསེང་རིང་ལྷ་སར་བདེ་འཇགས་ཀྱི་ཉེན་ཁ་ཐོན་མང་ཤོས་ནི་སྔར་བཞིན་ཆུར་ཤོར་བ་དེ་རེད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་ཁོ་ནར་ལྷ་ས་སྐྱིད་ཆུར་ལྷུངས་བའི་མི་གྲངས་20ཟིན་པ་དང་ཕུང་པོ་10རྙེད་པའི་ནང་བྱིས་པ་5ཡོད། ལྷ་ས་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་ལྟར་ན།  ལོ་ལྟར་ལྷ་ས་སྐྱིད་ཆུར་ལྷུངས་ནས་ཤི་བའི་མིའི་ནང་ལོ་20མན་གྱིས་60%ཟིན་པ་དང་མང་ཆེ་བ་ནི་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་ཕྲུག་ཡིན་པ་རེད།

    ཟླ་7ཚེས་11ཉིན་སྐུ་ཞབས་ཀྲང་ལགས་ཀྱི་ཕྲུ་གུ་གཉིས་པོས་ཕ་མས་དོ་སྣང་མ་བྱུང་བའི་སྐབས་ལྷ་ཞབས་གླིང་ཕྲན་གྱི་ཤར་ངོས་ཟམ་པའི་འོག་བསྐྱོད་དེ་ཆུ་འགྲམ་གྱི“ཆུ་གཏིང་ཟབ་པས་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་ཆུ་རྐྱལ་རྒྱག་མི་རུང”ཞེས་བྲིས་པའི་ཉེན་ཟོན་བྱང་བུར་སྣང་བ་མ་བཞག་པར་སྐྱིད་ཆུའི་ནང་ཆུ་རྐྱལ་རྒྱག་སྐབས་ཕྲུ་གུ་གཅིག་ཆུར་ཤོར་ནས་ཤི་བ་དང་ལོ་14ལས་སླེབས་ཀྱི་མེད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་སྐྱིད་ཆུར་ཤོར་བའི་ལས་འཛོལ་ཐོན་མང་བའི་ཁུལ་ནི་ལྷ་ཞབས་གླིང་ཕྲན་ཤར་ངོས་ཟམ་པ་དང་། ཚེ་མཆོག་གླིང་ཟམ་ཆེན། ལྷ་ས་ཟམ་ཆེན་སོགས་ཉེ་འགྲམ་དུ་ཡིན་པ་རེད།  

    ལྷ་ས་སྤྱི་བདེ་མེ་ཟོན་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་ཆུ་ཐོག་རོགས་སྐྱོབ་མི་སྣས་གྲོང་མི་རྣམས་ལ་དྲན་སྐུལ་བྱས་དོན། དབྱར་གསེང་རིང་ཁྱིམ་བདག་ཚོས་ཕྲུ་གུར་ལྟ་རྟོག་ཡག་པོ་བྱེད་པ་དང་ལྷག་པར་དུ་ཕྲུ་གུ་གཅིག་པུ་ཆུ་འགྲམ་དུ་རྩེད་མོ་རྩེ་བར་གཏོང་མི་རུང་། “ད་ཆ་ལྷ་སའི་གྲོང་ཁྱེར་ནང་ཁུལ་དུ་ཆུ་རྐྱལ་ཁང་མང་པོ་ཡོད་པས་ཕྲུ་གུ་ཚོ་ཆུ་རྐྱལ་རྒྱག་འདོད་ཡོད་ཚེ་ཁྱིམ་བདག་གིས་ཆུ་རྐྱལ་ཁང་དུ་ཁྲིད་ཆོག་སྟེ། ཆུ་རྐྱལ་ཁང་གི་ཆུའི་དྲོད་ཚད་དང་བདེ་འཇགས་སོགས་ཐད་འགན་ལེན་ཡོད། དེ་བཞིན་ཕྲུ་གུར་ལྟ་རྟོག་གཟབ་ནན་བྱས་ཏེ་ཆུ་འགྲམ་དུ་རྩེད་མོ་རྩེ་བར་ཕྱིན་ནས་བསམ་ཡུལ་ལས་འདས་པའི་ལས་འཛོལ་ཐོན་རྒྱུར་དོགས་ཟོན་བྱེད་དགོས”ཞེས་ཆུ་ཐོག་རོགས་སྐྱོབ་མི་སྣས་ཤོད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།