དབུ་ཤོག>གསར་འགྱུར།
  • བགྲེས་སོང་དབང་ལགས་ཀྱི་བདེ་སྐྱིད་ལྡན་པའི་ཚེ་མཇུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-14

    གསར་འགོད་པ་བསམ་གྲུབ་རྩེ་ཆུས་གྲོང་བྱང་དོན་གཅོད་ཁྲུའུ་པང་གཅལ་གོང་སྡེ་ཁུལ་གྱི་བགྲེས་སོང་དབང་ལགས་ཀྱི་ཁྱིམ་དུ་སྐྱོད་སྐབས་མཛེས་ཉམས་ལྡན་པའི་ཁོང་གི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་མཐོང་དུས་ཧང་སངས་བྱུང་། གྲོང་ཁུལ་རྙིང་པའི་ནང་སྡོད་ཁང་དེ་འདྲ་ཡོད་པ་ཧང་སངས་ཡས་རེད། ད་ཆ་སྡོད་ཁང་དེ་འདྲ་བར་ཁྲོམ་རའི་རིན་གོང་སྒོར་ཁྲི་100ལྷག་ཙམ་བྱེད་ཀྱི་ཡོད་ཅེས་ང་ཚོ་དང་མཉམ་དུ་ཡོང་མཁན་བསམ་གྲུབ་རྩེ་ཆུས་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བཀྲ་རྡོར་གྱིས་ངོ་སྤྲོད་བྱས་བྱུང་།

    ང་ཚོ་ཡོང་བ་མཐོང་སྐབས་བགྲེས་སོང་གིས་སེམས་རྩ་འཁོལ་པོའི་ངང་ཇ་སྲུབ་མ་བླུགས་བྱུང་། ང་ཚོས་ཁང་པའི་སྐོར་གླེང་བ་ཐོས་སྐབས་བགྲེས་སོང་གིས་དགའ་ཚོར་ཆེན་པོའི་ངང“ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ང་ཚོ་ཕྱུག་པོ་ཆགས་ཏེ་གཞི་ནས་སྡོད་ཁང་རྫིག་པོ་དེ་འདྲ་སྐྲུན་ཐུབ་སོང་། སྡོད་ཁང་དེ་འདྲ་སྤྱི་ཚོགས་རྙིང་པའི་མངའ་བདག་གི་གཞིས་ཀ་ལས་རྫིག་པ་ཡོད”ཅེས་བཤད་བྱུང་།

    བགྲེས་སོང་དབང་ལགས་1943ལོར་སྐྱེས་པ་དང་། བོད་རྙིང་པའི་དཀའ་སྡུག་དང་མུན་ནག་གི་ལོ་ཟླ་བརྒྱུད་མྱོང་ཞིང་། བགྲེས་སོང་གིས་དྲན་གསོ་བྱེད་བཞིན“བོད་རྙིང་པར་ངའི་ཕ་མ་གཉིས་ཀ་གྲོངས་ནས་རང་གི་རྨོ་བོ་དང་མཉམ་དུ་འཚོ་བ་བསྐྱལ་བ་དང་རྨོ་བོ་ལགས་ཀྱིས་བང་བིག་བཙོངས་ནས་ང་རང་གསོས་བྱུང་།

    རྨོ་བོ་ལགས་གཞིས་ཀའི་བདག་པོའི་བྲན་གཡོག་མིན་རུང་གཟའ་འཁོར་གཅིག་ནང་ཉུང་མཐར་ཡང་ཉིན་གསུམ་ཡན་ཁྲལ་འུ་ལག་རྒྱུག་དགོས་ཀྱི་ཡོད། ཁྲལ་འུ་ལག་ལྕི་པོ་ཡོད་པའི་དབང་གིས་རྨོ་བོ་ལགས་བང་བིག་བཟོ་བའི་དུས་ཚོད་མེད་པས་ང་ཚོའི་འཚོ་བར་དཀའ་ངལ་དེ་བས་ཆེ་བ་འཕྲད་སྟབས་ཉིན་ལྟར་རྩམ་པ་ཕྲན་ཙམ་ལས་བཟའ་རྒྱུ་མེད”ཅེས་བཤད་བྱུང་།

    རྨོ་བོ་ལགས་དགུང་ལོ་70ལ་སླེབས་རུང་ད་དུང་ལམ་བཟོ་བར་བསྐྱོད་ནས་ཤུགས་ལས་སྣ་ཚོགས་བྱེད་པའི་སྐོར་གླེང་སྐབས་བགྲེས་སོང་ཡིད་སྐྱོ་བའི་ངང་མིག་ཆུ་གཏོང་བཞིན“དེ་ནི་ཕྱིར་དྲན་བྱེད་མི་འདོད་པའི་ལོ་ཟླ་ཞིག་རེད། ང་ཚོ་རང་ཉིད་ཀྱིས་ཀྱང་རྒྱུན་འཁྱོངས་ཐུབ་མིན་གསལ་པོ་ཤེས་ཀྱི་མི་འདུག”ཅེས་བཤད་བྱུང་།

    1956ལོར་དབང་ལགས་ཀྱི་རྨོ་བོ་ལགས་ཚེ་ལས་འདས་པ་དང་དབང་ལགས་དྭ་ཕྲུག་ཏུ་གྱུར་ནས་ལོ་གསུམ་གྱི་དུས་ཚོད་ནང་ཁོང་གང་སར་ལྟོ་སློང་བར་ཕྱིན་པ་དང་ཐེངས་འགའ་ཞིག་ལྟོ་ཆས་མ་རག་པར་འཆི་གྲབས་བྱས། 1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་རྒྱལ་ཁབ་ཀྱི་བདག་པོ་གྱུར། སྲིད་གཞུང་གི་བཀོད་སྒྲིག་འོག་དབང་ལགས་རང་གི་སློབ་གྲོགས་ཁྱིམ་གྱིས་གསོ་ཉར་བྱས་པ་དང་རྗེས་སུ་ལྕགས་བཟོ་མཉམ་ལས་ཁང་དུ་ལས་ཀ་བཀོད་སྒྲིག་བྱས་ནས་བཟོ་པར་གྱུར།

    “དྲོ་སྐྱིད་ལྡན་པའི་ཏང་གི་སྲིད་ཇུས་དང་ཐུགས་ཁུར་ཡོད་པ་མ་གཏོགས་ང་རང་ད་བར་གསོན་ཐབས་བྲལ་བ་རེད”ཅེས་དབང་ལགས་ཀྱིས་བརྗོད་པ་དང་། ཁོང་གིས་1987ལོར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལྡང་བ་དང་བསྟུན་ནས་ངས་བཟོ་གྲྭ་ནས་དོན་ཏེ་བཟོ་གྲྭའི་ནང་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་ལྕགས་བཟོ་ཁང་ཞིག་བཙུགས་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་གཙོ་བོ་མི་གཞན་ལ་དུ་ཁུང་དང་ལྕགས་ཐབ་སོགས་བཟོས་པས་ཟླ་རེར་ཡོང་འབབ་མི་ཉུང་བ་ཡོང་གི་འདུག་ཅེས་ངོ་སྤྲོད་བྱས་བྱུང་།

    དུས་ཚོད་འགྲོ་བ་དང་བསྟུན་ནས་ད་ཆ་བགྲེས་སོང་གི་ལྕགས་བཟོ་ཁང་གི་ལས་གཉེར་བྱེད་སྟངས་བསྒྱུར་ནས་བགྲེས་སོང་རང་ཉིད་ཀྱིས་ལྕགས་བཟོའི་ལས་ལ་མི་ཞུགས་པར་ས་ཆ་གཞན་དག་ནས་ལྕགས་བཟོའི་ཐོན་རྫས་འཐེན་ནས་རང་གིས་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ཚོང་ཁང་གི་ཟླ་རེའི་ཡོང་འབབ་སྒོར་4000ཙམ་ཡོང་གི་འདུག དགུན་དུས་ཤར་སྐབས་ཚོང་དེ་བས་ཡག་ཏུ་འགྲོ་གི་འདུག”ཅེས་རང་ཉིད་ཀྱི་ཚོང་གི་སྐོར་གླེང་བཞིན་དགའ་ཚོར་ཆེན་མོའི་ངང་བཤད་བྱུང་།

    ཕྱུག་འགྱུར་གྱི་ཐབས་ལམ་དེ་འདྲ་ཡོད་པའི་དབང་གིས་བགྲེས་སོང་གིས་རྒྱ་ཁྱོན་སྨི་ངོས་གྲུ་300ལྷག་ཙམ་ཡོད་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་བསྐྲུན་ཞིང་། ཁོང་གིས“ཁང་པ་དེ་ནི་གཞེས་ནིང་ལོར་སྒོར་ཁྲི་60ལྷག་ཙམ་བཏང་ནས་བསྐྲུན་པ་ཡིན། ཏང་གི་སྲིད་ཇུས་བཟང་པོ་ཡོད་པའི་དབང་གིས་བོད་ལ་ཡར་ངོའི་ཟླ་ལྟར་གོང་འཕེལ་ཆེན་པོ་བྱུང་ཡོད། སྤྱི་ཚོགས་དུས་བབ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་དེ་འདྲ་ཡོད་པའི་དབང་གིས་ང་ཚོའི་ཚོང་ཇེ་ལེགས་སུ་འགྲོ་གི་འདུག”ཅེས་བཤད་བྱུང་།

    གསར་འགོད་པས་བགྲེས་སོང་གི་ཚོམས་ཆེན་ནང་། ཚོན་རིས་སྣ་ཚོགས་ཀྱིས་བརྒྱན་པ་དང་ཚོན་60ཡོད་པའི་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་དང་། དྲོད་སྙོམས་ཡོ་བྱད། བོད་བཟོའི་འཛིན་ཆས་སོགས་བསྒྲིགས་པ་མཐོང་བ་དང་ཚོམས་ཆེན་ནང་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་དར་སོ་དང་སྐྱིད་སྣང་ལྡན་པའི་རྣམ་པ་ཞིག་མངོན་གྱི་འདུག

    གསར་འགོད་པས་ཚོམས་ཆེན་ནང་ད་དུང“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བ”དང“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བ”“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བ”ཞེས་པ་སོགས་ཀྱི་དྲན་རྟེན་དངོས་པོ་མཐོང་བ་དང་། བགྲེས་སོང་ལ་དྲན་རྟེན་དངོས་རྫས་དེ་དག་ཉར་ཚགས་བྱེད་དགོས་དོན་གང་ཡིན་ཞེས་འདྲི་སྐབས་ཁོང་གིས“ང་ནི་ཏང་ནང་ཞུགས་ནས་ལོ་20ལྷག་ཙམ་སོང་བའི་ཏང་ཡོན་ཞིག་ཡིན་ལ་སྡེ་ཁུལ་གྱི་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་ཞིག་ཡིན་པས་ངས་ཅ་ལག་དེ་དག་ཉར་ཚགས་ཡག་པོ་བྱས་ནས་ན་གཞོན་ལ་སློབ་གསོ་བཏང་སྟེ་ཁོ་ཚོས་དུས་ནམ་ཡང་ཏང་གི་བཀའ་དྲིན་མི་བརྗེད་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུའི་སློབ་གསོ་གཏོང་གི་ཡོད”ཅེས་བཤད་བྱུང་།

    བགྲེས་སོང་གི་སྐད་ཆ་ཉན་བཞིན་ང་རང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ད་ཆ་བགྲེས་སོང་ལ་ཕྲུ་གྲུ་བཞི་ཡོད་པའི་ནང་ནས་ཕྲུ་གྲུ་གཉིས་རྒྱལ་ཁབ་ཀྱི་གཞུང་ལས་པར་གྱུར་བ་དང་གཉིས་ཚོང་རྒྱག་བཞིན་ཡོད། བགྲེས་སོང་གིས་མི་གླས་ནས་ཚོང་ཁང་ནང་ཚོང་རྒྱག་ཏུ་བཅུག་ནས་རང་ཉིད་ཁྱིམ་དུ་བདེ་སྐྱིད་ལྡན་པའི་ཚེ་མཇུག་འཚོ་བར་རོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།