དབུ་ཤོག
  • ལྷ་སའི་སློབ་གྲྭ་འབྲིང་ཆུང་ཟླ་7ཚེས་20ཉིན་དབྱར་གསེང་འཇོག་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-13

    གསར་འགོད་པས་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)ནས་ཤེས་རྟོགས་བྱས་པར། ལྷ་ས་གྲོང་ཁྱེར་གྱི་2015ལོའི་སློབ་གྲྭ་འབྲིང་ཆུང་དང་ལས་རིགས་སློབ་གྲྭའི་དབྱར་གསེང་དང་།  དེ་བཞིན་སྟོན་དུས་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་ཟིན་ཅིང་། དབྱར་གསེང་འཇོག་པའི་དུས་ཚོད་ནི་ཟླ་7ཚེས་20ཉིན་དང་། སློབ་དུས་རྗེས་མའི་སློབ་འགོ་ཚུགས་པའི་དུས་ཚོད་ནི་ཟླ་8ཚེས་10ཉིན་རེད་འདུག

    《2015ལོའི་དཔྱིད་ཀའི་གུང་གསེང་དང་དེ་བཞིན་སློབ་གྲྭ་འབྲིང་ཆུང་གི་སྟོན་ཀའི་སློབ་བསྡུའི་ལས་དོན་སྐོར་གྱི་ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་བརྡ་ཐོ》གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་སློབ་གསོ་ཅུས་དང་དེ་བཞིན་སློབ་གྲྭས་རྒྱུགས་སྤྲོད་ཀྱི་ལས་དོན་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཡིག་རྒྱུགས་གཏོང་རིང་གི་ལས་དོན་ཁག་གོ་རིམ་ལྡན་པ་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱིས་མཉམ་རྒྱུགས་ལམ་ལུགས་མུ་མཐུད་ལག་བསྟར་བྱེད་དགོས་པ་དང་།  འབྲིང་རིམ་ལས་རིགས་སློབ་གྲྭ་གཉིས་ཀྱིས་འབྲིང་རིམ་ལས་རིགས་སློབ་གསོའི་འབྲེལ་ཡོད་བླང་བྱར་གཞིགས་ནས་ཡིག་རྒྱུགས་གཏོང་དགོས།   

    དབྱར་གསེང་རིང་། གཅིག་སྡུད་ཐོག་སློབ་ཚན་འཚོག་པ་དང་གཅིག་གྱུར་ཐོག་རང་སྦྱོང་བྱ་མི་ཆོག་པ་དང་། རྣམ་པ་གང་རུང་གི་ཐོག་ནས་སློབ་མ་ཟུར་ཁྲིད་གསོ་སྦྱོང་འཛིན་གྲྭ་ཁག་ཏུ་ཞུགས་སུ་འཇུག་པ་དང་། སྐུལ་སློང་། སྒྲིག་འཛུགས་བཅས་བྱ་མི་ཆོག་པ།  སློབ་ཁྲིད་བྱ་ཡུལ་དང་སྒྲིག་ཆས་གཞན་ལ་གཡར་ནས་གསོ་སྦྱོང་འཛིན་གྲྭ་གཉེར་མི་ཆོག་པ།  དགེ་རྒན་གྱིས་སློབ་གྲྭའི་ནང་རྣམ་པ་གང་རུང་གི་ཐོག་ནས་དངུལ་བསྡུས་ནས་ཟུར་ཁྲིད་འཛིན་གྲྭ་གཉེར་མི་ཆོག

    ལས་རིགས་སློབ་གྲྭ་གཉིས་དང་མཐོ་རིམ་སློབ་འབྲིང་ཁག་གིས་འགྲུལ་སྐྱེལ་ཀུང་སི་དང་འབྲེལ་བ་མཐུན་སྦྱོར་བྱ་རྒྱུར་ཤུགས་བརྒྱབ་སྟེ་སློབ་མས་དུས་ཐོག་ཏུ་སྤ་སེ་ཉོ་མ་ཐུབ་པའི་རྐྱེན་གྱིས་སློབ་གྲྭའི་ཕྱི་དང་འགྲུལ་སྐྱེལ་ས་ཚིགས་སུ་ཞག་སྡོད་བྱེད་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས་པ་དང་། སློབ་གྲྭས་འགན་ཁུར་ནས་སློབ་མ་ནང་དུ་ལོག་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་སློབ་མ་བདེ་འཇགས་ངང་ནང་དུ་འབྱོར་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།