དབུ་ཤོག>གསར་འགྱུར།
  • ནས་ལས་སྣོན་ཞིབ་ཚགས་བྱས་པས་བོད་ཀྱི་ཞིང་པར་འབབ་འཕར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-13

    190645_yis_1436678742085.jpg

    འདི་ནི་ཁམས་བཟང་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཆུ་འཐག་འཁོར་ཁང་ནང་བཟོ་པས་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།

    བོད་ལྗོངས་པ་སྣམ་རྫོང་དགའ་སྟོང་གྲོང་རྡལ་ཀུན་ར་གྲོང་ཚོའི་ཞིང་པ་ནོར་བུ་བསྟན་འཛིན་གྱིས་1999ལོར་པ་སྣམ་རྫོང་གི་རྩམ་པ་ལས་སྣོན་བཟོ་གྲྭ་དང་པོ་དེ་བཙུགས་རྗེས“བློ་བརྟན”ཞེས་པའི་ཚོང་རྟགས་ཀྱང་ཐོ་བཀོད་བྱས་པ་རེད། ཧྲན་ཏུང་ཞིང་ཆེན་བོད་སྐྱོར་ལས་བྱེད་པའི་རྒྱབ་སྐྱོར་དང་རྒྱལ་ཁབ་སྲིད་ཇུས་ཀྱི་རོགས་སྐྱོར་འོག་རྩམ་པ་ལས་སྣོན་བཟོ་གྲྭ་དེ་ཁམས་བཟང་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིར་འཕེལ་རྒྱས་བཏང་བ་རེད།

    2008ལོར་ནོར་བུ་བསྟན་འཛིན་གྱིས་ཞིང་དུད་150སྒྲིག་འཛུགས་དང་མ་དངུལ་སྒོར་ཁྲི་8གྲབས་གསོག་བྱས་ཏེ། པ་སྣམ་རྫོང་གི་ནས་ཐོན་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གི་ལས་འཛིན་པའི་ངོས་ནས་ནོར་བུ་བསྟན་འཛིན་གྱིས་ལས་མིའི་སྣེ་ཁྲིད་དེ“ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱས་ནས་ཞིང་དུད་863གྱིས་སྤུས་ལེགས་ནས་འདེབས་རྒྱུར་སྣེ་ཁྲིད་བྱས་པ་རེད། 

    2013ལོར་ནོར་བུ་བསྟན་འཛིན་གྱི་བུ་བཀྲ་ཤིས་དོན་གྲུབ་སློབ་ཆེན་ཐོན་རྗེས་ཁམས་བཟང་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅི་ལི་བྱས་པ་དང་འབྲེལ། པ་སྣམ་རྫོང་ནས་ཐོན་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པར་འདེམས་བསྐོ་བྱས་པ་རེད། 2014ལོར་ཁམས་བཟང་ཞིང་ཞོར་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རྩམ་པ་སྤུས་ལེགས་རྒྱ་མ་ཁྲི་1024ཐོན་སྐྱེད་བྱས་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་3500བྱུང་ཡོད་པ་རེད། ད་ཆ་བཀྲ་ཤིས་དོན་གྲུབ་ཀྱིས་ཐུམ་སྒྲིལ་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་། ཐུམ་སྒྲིལ་སྤུས་ལེགས་ཐོན་སྐྱེད་ཆེ་རུ་གཏོང་བ། རྒྱལ་ཕྱི་རྒྱལ་ནང་གི་ཁྲོམ་ར་རྒྱ་ཆེར་གཏོང་བ། ཁེ་ལས་འཕེལ་རྒྱས་ཀྱི་ལམ་བུ་རྒྱ་ཆེར་གཏོང་བ་བཅས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།