དབུ་ཤོག>གསར་འགྱུར།
  • ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་ལས་བྱེད་པ་བཟང་པོ་ཞིག་ཏུ་ ཧུར་ཐག་འགྱུར་བ་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་གསུམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-13

    བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ནི་ང་ཚོའི་ཏང་གི་རྩ་བའི་དམིགས་ཡུལ་ཡིན་ལ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱ་རྒྱུ་དེ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་ཚད་ཡིན། “སེམས་ནང་ཐོག་མཐའ་བར་གསུམ་དུ་མི་སེར་བཅངས་དགོས”“སེམས་ནང་མང་ཚོགས་འཆང་བ་དང་། མང་ཚོགས་ལ་དགའ་ཞེན། མང་ཚོགས་ལ་ཞབས་འདེགས་ཞུ་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚོར་བཏོན་པའི་བླང་བྱ་བཞིའི་ནང་གི“མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱེད་དགོས”ཞེས་བཏོན་པ་དེས་ལས་བྱེད་པ་ཡག་པོ་ཞིག་བྱེད་པའི་རིན་ཐང་གི་དོན་གཉེར་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།  

    གནམ་སའི་དབར་ལ་རྒྱ་མ་ཡོད། རྒྱ་རྡོ་ནི་མི་སེར་ཡིན། ལས་བྱེད་པས་ལས་དོན་གང་འདྲ་སྒྲུབ་མིན་དང་ལེགས་སྐྱེས་ཇི་ཙམ་འབུལ་མིན་དེ་རང་ཉིད་ཀྱིས་ཤོད་མི་དགོས་པར་མི་སེར་གྱི་སེམས་ནང་གསལ་པོ་ཤེས་ཀྱི་ཡོད། ཅའོ་ཡུས་ལུའུ་ལན་ཁོའོ་རུ་ལས་དོན་བསྒྲུབས་ནས་ཉིན་470སོང་བའི་ནང་རྫོང་ཨུད་ཧྲུའུ་ཅིའི་མི་ནུབ་པའི་རྡོ་རིང་བཙུགས་ཡོད། ཀུའུ་ཝུན་ཁྲང་གྲོངས་ནས་ལོ་34སོང་ཡང་མི་སེར་ཚོས་ད་དུང་ཁོང་ལ་དྲན་གསོ་ཞུ་གི་ཡོད། མི་དམངས་མང་ཚོགས་ཀྱིས་ཁོང་ཚོ་མི་བརྗེད་པ་གང་ཡིན་ནམ། ཁོང་ཚོས་སེམས་ནང་ཐོག་མཐའ་བར་གསུམ་དུ་མང་ཚོགས་བཅངས་པ་དང་མང་ཚོགས་ཀྱི་ཆེད་དུ་བྱ་བ་བསྒྲུབས་པས་ཡིན། མི་སེར་གྱིས་དཔོན་ཡག་པོར་དགའ་པོ་བྱེད་དོན་གང་ཡིན་ནམ། དེ་ནི་མང་ཚོགས་ཀྱི་རེ་སྒུག་ཅིག་ཡིན་ལ། གུང་ཁྲན་ཏང་མིས་ནམ་ཡང་བརྗེད་མི་རུང་བའི་འོས་འགན་ཞིག་ཀྱང་ཡིན།

    ད་ཐེངས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ཁྲོད་ལ་ལ་ནི“རྐང་རྗེས་གཞི་རིམ་དུ་འཇོག་པ་དང་བསྔགས་བརྗོད་མི་སེར་གྱི་སེམས་ནང་ཡོད་མཁན”དང་། ལ་ལ་ནི་མང་ཚོགས་ཀྱི་དཀའ་ངལ་སེལ་མཁན། ལ་ལ་ནི་མང་ཚོགས་སྣེ་ཁྲིད་དེ་དབུལ་པོའི་རྩ་བ་བཀོག་མཁན་དང་ཕྱུག་འགྱུར་གྱི་ལམ་གཏོད་མཁན་བཅས་ཡིན། དེ་ལྟར་ཁོང་ཚོས་མང་ཚོགས་ནང་མིར་བརྩི་བ་དང་། དམངས་འཚོ་དེ་ཁྱིམ་ཚང་གི་དོན་དུ་བརྩི་བ། དམངས་ཀྱི་འདོད་བློ་དང་བསྟུན་པ། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་དྲོ་སྐྱིད་སྦྱིན་པ། དམངས་འཚོར་ཕན་པའི་བྱ་བ་བསྒྲུབས་པ་བཅས་བྱས་པར་བརྟེན་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་མ་ཟད། སྤྱི་ཚོགས་ཀྱི་བསྔགས་བརྗོད་ཀྱང་ཐོབ་ཡོད། འགོ་ཁྲིད་ལས་བྱེད་པས་སྔོན་ཐོན་ལ་མིག་དཔེ་བལྟས་ནས་མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་དམངས་ཆེད་བརྩེ་སེམས་དེ་རིགས་ལ་སློབ་སྦྱོང་བྱས་ཏེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ལས་དོན་སྤེལ་རྒྱུ་དེ་ཚད་གཞི་མཐོ་ཤོས་སུ་བརྩི་བ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་དོན་གཉེར་བྱེད་སར་བརྩིས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    མི་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་ཡིན། མང་ཚོགས་ཀྱི་ལས་དོན་སྒྲུབ་སྐབས་ཕན་ཚུན་གཏམ་གླེང་བྱས་ཏེ་མི་སེམས་དངོས་འབྲེལ་ཐོབ་པ་བྱེད་དགོས། སེམས་ནང་མང་ཚོགས་འཆང་རྒྱུ་དེ་དམངས་ཀྱི་ཆེད་བདེ་སྐྱིད་སྐྲུན་རྒྱུའི་ཐོག་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱིས་གང་བསམ་ན་ང་ཚོས་དེ་སྒྲུབ་པ་དང་མང་ཚོགས་ཀྱི་འབོད་སྒྲ་དང་མང་ཚོགས་ཀྱི་དགོས་མཁོ་བྱ་གཞག་གསར་གཏོད་ཀྱི་དམིགས་ཚད་གལ་ཆེན་དུ་བརྩི་དགོས་པ་མ་ཟད། མང་ཚོགས་བློ་ཡིད་ཚིམ་མིན་དེ་ལས་དོན་གྱི་རྩ་བའི་དམིགས་ཡུལ་དུ་བརྩིས་ནས་བསྒྲུབས་པའི་བྱ་བ་མང་ཚོགས་ཀྱི་བློ་དང་མཐུན་པ་བྱེད་དགོས། “དཀའ་སྡུག་གཞན་གྱི་སྔོན་ལ་མྱོང་། བདེ་བ་གཞན་གྱི་རྗེས་སུ་རོལ”རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ལག་ནང་གི་དབང་ཆ་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་ཞིག་ཡིན་པས་ཏང་གི་ཆེད་དུ་སེམས་ཁྲལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་བྱ་བ་སྒྲུབ་པ། དམངས་ཀྱི་ཆེད་དུ་ཁེ་ཕན་དོན་གཉེར་བཅས་ཀྱི་ཐོག་སྤྱོད་དགོས། མང་ཚོགས་ཀྱིས་ཁས་མི་བླངས་ན་ང་ཚོ་གང་ཡང་མིན། ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བཙུགས་ཏེ་སྒེར་གྱི་མིང་གྲགས་དོན་གཉེར་མི་བྱེད་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་བསམ་བློ་མང་ཙམ་བཏང་ནས“མི་སེར་གྱིས་དགའ་པོ་བྱེད་པའི་ལས་དོན་དར་སྤེལ་གཏོང་བ་དང་མི་སེར་གྱིས་སུན་སྣང་བྱེད་པའི་བྱ་བ་མཐའ་གཅིག་ཏུ་འགོག་པ”དང་། མང་ཚོགས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་མང་ཙམ་སྒྲུབ་པ། དཀའ་ཚེགས་ཆེན་པོས་ལས་དོན་སྒྲུབ་རྒྱུར་གཞོལ་བ་བཅས་བྱས་ཚེ་གཞི་ནས་དམངས་སེམས་ཐོབ་ཐུབ།

    མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ནི་ལས་བྱེད་པ་ཡག་པོའི་རང་གཤིས་ཡིན་ལ། གུང་ཁྲན་ཏང་མིའི་ཆེས་སྐད་གསང་མཐོན་པོའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་ཀྱང་ཡིན། ད་ཆ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པའི་ཐོག་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་སེམས་ནང་མི་དམངས་འཆང་བ་དང་། སྒྱུར་བཅོས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གི་འགན་ལྕི་པོ་ཏན་ཏིག་འཁུར་དགོས། ལས་བྱེད་པས་དཀའ་ཚེགས་ཆེན་པོས་ལས་དོན་སྒྲུབ་པའི་སྟོན་གྲངས་ཐོག་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཐོབ་པ་བྱས་ཚེ་ང་ཚོས་གཞི་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་ཀྱི་ཞིབ་བཤེར་བཅས་ཐེག་ཐུབ་པའི་སྲིད་སྐྱོང་བྱས་རྗེས་གཏོད་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།