ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་དུ་སྡོད་པའི་བདེ་སྐྱིད་ནམ་ལངས་མ་ཐག་ལངས་ཏེ་རང་གིས་འགན་གཙང་བླངས་པའི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་སྐྱོད་པ་དང་བདེ་སྐྱིད་ཀྱིས་ཧོང་ཀྭ་བཏུས་ནས་ལེགས་པར་བསྒྲིགས་ཏེ་འགྱིག་ཕད་ནང་དུ་བླུགས།
ཞོགས་པ་སྟོད་ལུང་བདེ་ཆེན་རྫོང་གི་སྔོ་ཚལ་རྟེན་གཞིའི་སྔོ་ཚལ་བླུགས་པའི་ཟོག་འགྲེམས་སྡེབ་སྐྱེལ་རླངས་འཁོར་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་ཁག་ཏུ་བསྐྱོད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་དེང་རབས་ཟོག་འགྲེམས་ལས་རིགས་གོང་དུ་འཕེལ་ཏེ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ཟོག་གི་ཁྲོམ་རའི་འཛུགས་སྐྲུན་གོམ་སྟབས་ལ་སྐུལ་མ་ཐེབས་ནས་ཞིང་འབྲོག་པ་དང་ཁྲོམ་རའི་དབར་གྱི་བར་ཐག་ཐུང་དུ་སོང་ཡོད།
ཡངས་ཤིང་རྒྱ་ཆེ་བའི་ཉོ་ཚོང་གི་སྟེགས་བུ་བཏོད་པ།
2006ལོར“གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད”ལག་ལེན་བསྟར་ཚུན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་ཕོན་ཆེ་བཏང་སྟེ་རང་ལྗོངས་ཀྱི་ཞིང་དུད་ཚོང་ཁང་གསར་འཛུགས་དང་སྒྱུར་བཀོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཚོང་ཟོག་སྡེབ་སྐྱེལ་ལྟེ་གནས་20ལྷག་ཙམ་བཙུགས་ཡོད། མིག་སྔར་ཞིང་དུད་ཚོང་ཁང་དེ་དག་ལྗོངས་ཡོངས་ཀྱི་རྫོང་ཚང་མ་དང་ཤང་གྲོང་མང་ཆེ་བ་དང་འགྲིམ་འགྲུལ་ལམ་རྒྱུད་གཙོ་བོ་དང་རྫོང་གྲོང་ཉེ་འདབས་ཀྱི་སྲིད་འཛིན་གྲོང་ཚོར་ཁྱབ་ཡོད། གྲོང་ཁྱེར་གྱི་འཁོར་རྒྱུག་ཁེ་ལས་ཆེ་གྲས་ཀྱིས་སྣེ་འདྲེན་དང་། རྫོང་རིམ་པའི་འཁོར་རྒྱུག་ཁེ་ལས་གཙོ་གནད་ཀྱིས་རྐང་འཛིན། ཞིང་དུད་ཚོང་ཁང་གིས་རྨང་གཞི་བཅས་བྱེད་པའི་ཞིང་འབྲོག་ཁུལ་གྱི་དེང་རབས་འཁོར་རྒྱུག་དྲ་བ་སྤྱིར་ན་ཆགས་ཡོད།
གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་དཔེར་བགྲང་ན། རིམ་སྤོར་སྒྱུར་བཀོད་བྱས་རྗེས་དེའི་ནང་ཁྲོམ་བཀྱག་54ཡོད་པ་དང་སྔོ་ཚལ་སྣ་ཁ་50ལྷག་ཙམ་ཚོང་བ་དང་ཉིན་རེར་ཏུན་ཁྲི་5ཙམ་ཚོང་གི་ཡོད། ཁྲོམ་ར་དེ་ད་དུང་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁེ་ལས་ཞུགས་པ། ཁྲོམ་ར་ཅན་གྱི་འཁོར་སྐྱོད་བཅས་ཀྱི་རྣམ་པའི་ཐོག་ནས་གཉེར་སྐྱོང་དོ་དམ་བྱས་སྟབས་འཛད་སྤྱོད་པ་དང་ཚོང་དུད་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
དམངས་ཕན་ལས་གྲྭ་དེ་དག་ལག་ལེན་བསྟར་རྗེས་ཁྲོམ་རའི་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད་ཉེ་འདབས་ཀྱི་ཞིང་འབྲོག་མང་ཚོགས་ཉོ་ཚོང་བྱེད་པར་ཡོང་རྒྱུར་སྟབས་བདེ་དང་འགན་ལེན་དེ་བས་མང་བ་བྱུང་ཡོད།
ཐོགས་པ་མེད་པའི་ཉོ་ཚོང་བགྲོད་ལམ།
རང་ལྗོངས་ཀྱི་འགྲིམ་འགྲུལ་དང་ཟོག་འགྲེམས་ལས་རིགས་དེ་ནང་ས་དང་བསྡུར་ན་ཧེ་བག་ངེས་ཅན་ཞིག་ཡོད། འོན་ཏེ་ད་ཕན་ལོ་ཤས་རིང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བའི་གནས་ཚུལ་འོག་རང་ལྗོངས་ཀྱི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཞིང་འབྲོག་མང་ཚོགས་ཀྱི“ཉོ་དཀའ་ཚོང་དཀའི”གནད་དོན་ཐག་གཅོད་བྱེད་ཆེད་ཐོགས་པ་མེད་པའི་ཉོ་ཚོང་གི་བགྲོད་ལམ་ཞིག་མཁོ་འདོན་བྱས་ཡོད།
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྕགས་ལམ་གྱི་སྐྱེལ་འདྲེན་དང་ཟོག་འགྲེམས་ལྡུམ་ཁུལ་འཛུགས་སྐྲུན་བྱེད་པ་དང་། དམངས་སྤྱོད་མཁའ་འགྲུལ་དང་མཐའ་མཚམས་ཚོང་དོན་འགག་སྒོ་བེད་སྤྱོད་གཏོང་འགོ་ཚུགས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འཇུར་མིག་གི་གནད་དོན་ཐག་གཅོད་བྱུང་བ་དང་ཆབས་ཅིག་ཚོང་ཟོག་ཟོག་འགྲེམས་ཀྱང་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཚོང་ཟོག་ཟོག་འགྲེམས་གོང་དུ་འཕེལ་ཏེ་འཁོར་རྒྱུག་ལས་རིགས་ལ་སྐུལ་མ་ཐེབས་པ་མ་ཟད“ཞིང་ལས་རྒྱུ་ཆའི་ཐོན་རྫས་གྲོང་གསེབ་ཏུ་འདྲེན་པ་དང་ཞིང་འབྲོག་ཐོན་ཟོག་གྲོང་ཁྱེར་དུ་འདྲེན་པའི”མྱུར་ཚད་མགྱོགས་སུ་ཕྱིན་ཡོད།
ལྷ་ས་གྲོང་ཁྱེར་གསེར་ཟམ་ཟོག་འདྲེན་ཞབས་ཞུ་ལྟེ་གནས་དཔེར་དྲངས་ན་ལོ་ལྟར་ལྕགས་ལམ་རྒྱུད་ནང་སར་དངོས་ཟོག་ཏུན་ཁྲི་6ལྷག་ཙམ་གཏོང་བ་དང་ཚོང་ཟོག་གི་རིན་ཐང་སྒོར་དུང་ཕྱུར་9ལྷག་ཙམ་ཟིན་གྱི་ཡོད། ལོ་རེར་ཕོན་ཆེའི་ཡུལ་ཟོག་དང་དམིགས་བསལ་ཐོན་རྫས་གཞུང་ལམ་ཐོག་འགྲེམས་སྤེལ་བྱེད་ཚད་ཏུན་1300ལྷག་ཙམ་ཟིན་གྱི་ཡོད།
རང་ལྗོངས་ཀྱི་ཚོང་དོན་འཁོར་རྒྱུག་ཁེ་ལས་ཆེ་གྲས་ཡིན་པའི་པའེ་དབྱི་སྒོ་རྩིས་ཁྲོམ་རས་རང་ལྗོངས་ཀྱི་དྲ་རྒྱ་ཁྱབ་ཚུལ་ལ་གཞིགས་ཏེ་དངོས་ཟོག་ཟོག་འགྲེམས་སྡེབ་སྐྱེལ་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ད་ལྟ་སྡེབ་སྐྱེལ་ལྟེ་གནས་8ཡོད་པ་རེད།
ཚོང་ཟོག་འཁོར་རྒྱུག་གི་ཁོར་ཡུག་ལེགས་སུ་གཏོང་བ།
ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཉོ་ཚོང་གི་ཁོར་ཡུག་ལེགས་སུ་བཏང་བ་སྟེ། གཅིག་ནི་གཞི་ཁྱོན་ལྡན་པའི་ཁེ་ལས་ལ་སྤུས་རྟགས་ཀྱི་འདུ་ཤེས་དང་ཚོང་ཟོག་གྲགས་ཅན་གྱི་འདུ་ཤེས་འཛུགས་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། གཉིས་ནི་ཁྲོམ་རའི་ལྟ་སྐུལ་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ཚོང་ཟོག་གཞི་གྲངས་བང་མཛོད་འཐུས་ཚང་དུ་གཏོང་བ་དང་འབྲེལ་གཏུག་བྱེད་པའི་གཙོ་གནད་ཁེ་ལས་ཀྱི་ཁྱབ་ཁོངས་ཆེ་རུ་བཏང་ནས་དུས་ཆེན་དང་གུང་གསེང་དང་དེ་བཞིན་དམིགས་བསལ་དུས་ཚོད་ལ་ལྟ་སྐུལ་སྙན་ཞུའི་ལམ་ལུགས་འཛུགས་ཡོད། འཚོ་བའི་མཁོ་ཆས་སོགས་ཚོང་དོན་པུའུ་དང་ལྟ་སྐུལ་ཁེ་ལས་རིམ་པ་གཉིས་ཀྱི་ལྟ་སྐུལ་སྟེགས་བུ་ཐོག་མ་བཙུགས་ནས་འབྲེལ་ཡོད་ཁྲོམ་རའི་ཆ་འཕྲིན་ཡོངས་བསྒྲགས་དང་ཁྲོམ་རའི་འཛད་སྤྱོད་ཁྲིད་སྟོན་ཧུར་ཐག་བྱེད་པ། གསུམ་ནི་ཁྲོམ་རའི་ལྟ་སྐུལ་དོ་དམ་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་གཅིག་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་ཚྭ་ལས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕྲོད་བསྟེན་དང་། བཟོ་ཚོང་། སྤྱི་བདེ་སོགས་སྡེ་ཚན་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཟ་ཚྭ་ལྐོག་འདྲེན་གྱི་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས་ཟ་ཚྭའི་ཁྲོམ་རའི་ཁོར་ཡུག་ལེགས་པོ་ཞིག་གཏོད་པ་དང་ཕྱོགས་གཞན་ཞིག་ནས་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཁུལ་གྱི་སྡེབ་ཚོང་ཁྲོམ་ར་དང་ཉོ་ཚོང་ཁྲོམ་རའི་དོ་དམ་དང་ཚད་ལྡན་ལ་ཤུགས་སྣོན་རྒྱག་པ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཆེད་དོན་བྱ་སྤྱོད་ཀྱི་མཉམ་འབྲེལ་ཁྲིམས་འཛིན་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཚོང་ཟོག་རྫུས་མ་དང་སྤུས་ཞན་འཁོར་རྒྱུག་དྲ་རྒྱའི་ནང་སླེབས་རྒྱུར་བཀག་འགོག་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་བཅས་རེད།