དབུ་ཤོག>གསར་འགྱུར།
  • ཟོག་འགྲེམས་འཕེལ་རྒྱས་གཏོང་བར་ལས་ཕྱོད་གཙོ་བོར་འཛིན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མའོ་ན་ཡིས།   |     སྤེལ་དུས།  2015-07-10

    དུས་ཡུན་རིང་པོར་རང་བྱུང་ཆ་རྐྱེན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཚོད་འཛིན་ཕོག་པར་བརྟེན་རང་ལྗོངས་ཀྱི་ཟོག་འགྲེམས་ལས་རིགས་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་འགོར་ཙམ་ཡོད་པ་རེད། ལྟེ་བའི་གྲོང་ཁྱེར་དང་བར་ཐག་རིང་བའི་ལུང་ཁུག་གི་གྲོང་ཚོའི་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་ཟོག་འགྲེམས་ལས་རིགས་དང་ཁ་འབྲལ་ཐབས་མེད། དེ་བས་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་ཁུལ་གྱི་ཚོང་ཟོག་འཁོར་རྒྱུག་ལས་ཕྱོད་ཆེ་རུ་བཏང་ན་གཞི་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་དང་སྒུལ་ཤུགས་མཁོ་འདོན་བྱས་ནས་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་ཞིང་འབྲོག་མང་ཚོགས་ཚོའི་དངོས་པོའི་རིག་གནས་ཐད་ཀྱི་དགོས་མཁོ་སྐོང་ཐུབ།

    རང་ལྗོངས་སུ་ཉེ་བའི་ལོ་ཤས་རིང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་འཚམ་པའི“ཟོག་འགྲེམས་ཚ་རླབས”ཤིག་འཕྱུར་ཡོད། འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་ཟོག་འགྲེམས་འཕེལ་རྒྱས་ལ་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་པ་མ་ཟད་ད་དུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆེད་ལས་ཅན་གྱི་ཟོག་འགྲེམས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གྱིས་ལྕགས་ལམ་དང་། འགག་སྒོ། གཞུང་ལམ་སོགས་ལ་བརྟེན་ནས་ཟོག་འགྲེམས་ལྟེ་གནས་ཁག་གཅིག་བཙུགས་ཏེ་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ལ་སྟེགས་བུ་བཏོད་ཡོད་པ་རེད།

    ཟོག་འགྲེམས་ལས་རིགས་འཕེལ་རྒྱས་བཏང་བ་ལས་ཞིང་འབྲོག་ལས་རིགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུར་ཕན་པ་ཐོབ་པ་མ་ཟད་ད་དུང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བྱུང་ཡོད། རང་ལྗོངས་ཀྱི་ཞིང་འབྲོག་པ་ཁག་གཅིག་ས་བབ་ཅུང་མཐོ་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ལྟེ་བའི་གྲོང་ཁྱེར་དང་ཐག་རིང་བ་བཅས་ཀྱི་ས་ཆར་འཚོ་བ་སྐྱེལ་གྱི་ཡོད་ལ། ཁོང་ཚོར་མཚོན་ན་ཉོ་ཚོང་གང་བྱས་ཀྱང་དུས་ཚོད་མང་པོ་དགོས་པའི་ཁར་དཀའ་ལས་ཀྱང་ཅུང་ཆེན་པོ་ཡོད། དེས་མ་ཟད་ད་དུང་སྐྱེལ་འདྲེན་གྲོན་དངུལ་འཐོལ་པ་ཡང་ངེས་ཅན་ཞིག་སྤྲོད་དགོས། ཟོག་འགྲེམས་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་ཁོང་ཚོས་སོ་སོའི་སྒོ་ཁར་རང་ལ་མཁོ་བའི་ཚོང་ཟོག་ཉོ་ཐུབ་པ་དང་ཆབས་ཅིག་སོ་སོའི་ཚོང་ཟོག་ཀྱང་ཟོག་འགྲེམས་དྲ་བ་བརྒྱུད་དེ་ཕྱིར་འཚོང་བྱེད་ཐུབ། དེ་ལྟར་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད་ད་དུང་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་མ་གནས་ཀྱང་ཐད་ཀར་དམའ་རུ་བཏང་ཡོད། ཕྱོགས་གཅིག་ནས་ཞིང་འབྲོག་པས་སོ་སོའི་སྒོ་ཁར་སྤུས་དག་གོང་ཁེའི་ཚོང་ཟོག་ཡག་པོ་ཉོ་ཐུབ་ལ་ཕྱོགས་གཞན་ཞིག་ནས་ཞིང་འབྲོག་པས“གྲོང་གསེབ་དང་སྒོ་རྩིས་ཚོང་ཁང་ཁ་གཏད་སྦྲེལ་མཐུད”སོགས་ཀྱི་རྣམ་གྲངས་བརྒྱུད་ཐོན་སྐྱེད་བྱ་ཡུལ་དུ་ཞིང་འབྲོག་ཐོན་རྫས་དུས་ཐོག་ཏུ་ཕྱིར་འཚོང་བྱེད་ཐུབ།

    རང་ལྗོངས་ཀྱིས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་དགོས། དེང་རབས་ཞིང་འབྲོག་ལས་ལ་གཞི་ཁྱོན་ཅན་དང་། འཕྲུལ་ཆས་ཅན། ཚོང་ཟོག་ཅན། ཆ་འཕྲིན་ཅན་སོགས་ཀྱི་ཁྱད་ཆོས་ལྡན་པས་སྐྱེལ་འདྲེན་དང་། མཛོད་ཉར། ཞིང་འབྲོག་ཐོན་རྫས་ཡང་བསྐྱར་ལས་སྣོན་སོགས་ཀྱི་ཐད་ཆ་རྐྱེན་སྔར་བས་མཐོ་པོ་བཏོན་ཡོད། དེར་བརྟེན་ཚོང་ཟོག་འཁོར་རྒྱུག་ཐད་ལའང་ཆ་རྐྱེན་སྔར་བས་མཐོ་པོ་བཏོན་ཡོད་པ་རེད། དེང་རབས་ཟོག་འགྲེམས་ཁོ་ནས་མ་གཏོགས་འདི་ལྟ་བུའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ཀྱི་འགྱུར་ལྡོག་དང་མི་འཚམ་ལ་དེ་བཞིན་དེང་རབས་ཟོག་འགྲེམས་ཁོ་ནས་མ་གཏོགས་ཞིང་འབྲོག་ལས་རིགས་ཀྱི་དེང་རབས་ཅན་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་མི་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།