དབུ་ཤོག>གསར་འགྱུར།
  • ཁྱད་ལྡན་ཐོན་ཟོག་དཔག་བསམ་སྡོང་པོ་ལས། འབབ་འཕར་ཁྱད་ནོར་གང་འདོད་འབྲས་བུ་སྨིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-10

    བཞད་མཐོང་སྨོན་རྫོང་གི་མི་རིགས་ལག་ཤེས་བཟོ་རྩལ་སྐོར་གླེང་སྐབས་སྐད་གྲགས་ཆེ་ཤོས་ནི་ཀོ་ཆས་དང་། བོད་གྲི རྫ་ཆས་བཅས་རེད། ད་ཕན་ལོ་ཤས་རིང་བཞད་མཐོང་སྨོན་རྫོང་གི“རིག་གནས་སྟོབས་ཆེའི་རྫོང”གི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཤིང་། རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས“མཐོང་སྨོན་གྱི་ཁྱད་ལྡན་ཐོན་ལས་གསུམ”གྱིས་དེའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གོ་དོན་དང་། ཐུན་མིན་གྱི་གསར་གཏོད་རང་བཞིན། དེ་བཞིན་བལྟོས་བཅས་ཀྱིས་ཆེ་ཙམ་ཡོད་པའི་ཐོན་སྐྱེད་ཀྱི་གཞི་ཁྱོན་དང་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་བཅས་ལ་བརྟེན་ནས་ཛ་དྲག་ཆེ་བའི་ཁྲོམ་རའི་འགྲན་རྩོད་ཁྲོད་དུ་གནས་བབ་ངེས་ཅན་ཞིག་བཟུང་ཡོད།

    ད་ཕན་ལོ་ཤས་རིང་ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་ཀོ་ཆས་བཟོ་བའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཀོ་ཆས་བཟོ་མཁན་ཚོས་སྲོལ་རྒྱུན་གྱི་ཀོ་ཆས་བཟོས་ནས་ཞིང་པ་དང་འབྲོག་པའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་མཁོ་འདོན་བྱེད་པ་དང་དུས་མཚུངས། ཁྲོམ་རས་ཁྲིད་སྟོན་བྱས་ནས་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ་ཀོ་ཆས་བཟོ་བའི་འདུ་ཤེས་ཀྱང་སྤྱོད་མཁོ་ཆེ་བ་ནས་བཟོ་རྩལ་ཕྱོགས་སུ་རིམ་བཞིན་གྱུར་པ་དང་། ཁྲོམ་རའི་དགོས་མཁོར་དམིགས་ཏེ་བཟོ་རྩལ་རྩེ་གྲའི་མི་རིགས་ཀྱི་ཁྱད་ལྡན་ཀོ་ཆས་སྣ་ཚོགས་བཟོས་པར་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། རྫོང་དེའི་ཆུ་ནུབ་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་ཀོ་ཆས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་རྟ་མགྲིན་གྱིས་ཀོ་ཆས་བཟོས་པར་བརྟེན་ནས་ལོ་ལྟར་ཡོང་འབབ་ཁེ་གཙང་སྒོར་ཁྲི་20ཟིན་གྱི་ཡོད།

    གླང་སྣ་དང་ཆབ་ཁའི་བོད་གྲིར་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་ལམ་བུ་ལྡན་་ཡོད། བོད་གྲི་བཟོ་རྩལ་ཆེ་མོ་བ་རྡོ་བློས་གསར་འགོད་པར། འབྲེལ་ཡོད་སྡེ་ཚན་གྱི་ཁྲིད་སྟོན་དང་རྒྱབ་སྐྱོར་ཤུགས་ཆེན་འོག་རྫོང་དེའི་གླང་སྣ་དང་ཆབ་ཁའི་བོད་གྲི་ལས་སྣོན་ལས་རིགས་དེ་ཆུང་བ་ནས་ཆེ་བ་དང་ཉམས་ཞན་ནས་སྟོབས་ཆེའི་བར་འཕེལ་རྒྱས་མགྱོགས་ཙམ་བྱུང་ཞིང་། བོད་གྲིའི་བཟོ་རྩལ་དང་། བཟོ་སྟངས། བཟོ་བའི་འདུ་ཤེས་བཅས་བྱང་ཆུབ་པར་གྱུར་ཡོད་ཅེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། “མཐོང་སྨོན་གྱི་ཁྱད་ལྡན་ཐོན་ལས་གསུམ”གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད། རྫོང་དེས་མ་དངུལ་བཏང་ནས་ཆེད་ལས་ལག་རྩལ་མི་སྣ་གསོ་སྦྱོང་བྱེད་པ་དང་ཆབས་ཅིག མོས་པ་ཡོད་པའི་ལག་ཤེས་སྒྱུ་རྩལ་པའི་སྣེ་ཁྲིད་དེ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་ཆགས་པར་བྱས་ཏེ་ཤུགས་རྐྱེན་ཆེ་རུ་བཏང་བ་རེད། ན་ནིང་ཟླ་དགུ་པར་རྫོང་དེས་མ་དངུལ་སྒོར་ཁྲི་5ལྷག་ཙམ་བཏང་བ་དང་ཞིང་འབྲོག་པའི་སློབ་གཉེར་བ་20སྒྲིག་འཛུགས་བྱས་ནས་ཟླ་བ་གཅིག་རིང་གླང་སྣ་དང་ཆབ་ཁའི་བོད་གྲིའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ལས་ཞུགས་གསོ་སྦྱོང་འཛིན་གྲྭ་གཉེར་ནས་སློབ་མ་ཚོར་བོད་གྲི་བཟོ་བའི་རྩ་བའི་རྩལ་ནུས་བསླབས་པ་རེད།

    དེང་སྐབས་བཞད་མཐོང་སྨོན་རྫོང་གིས་རྫོང་དུ་ཆེད་ལས་རང་བཞིན་གྱི་རྐོ་ཆས་བཟོ་མཁན་དུད་ཚང་དེ་སྔའི་6ནས་ད་ལྟའི་26བར་མང་དུ་བཏང་བ་དང་། སྔ་རྗེས་སུ་དགེ་ཕྲུག་60ལྷག་ཙམ་ཁྲིད་པ། རྫོང་དེར་བོད་གྲི་བཟོ་མཁན་དུད་ཚང་23དང་ལས་གཉེར་བ་40 ལོ་འཁོར་མོར་རྫ་ཆས་བཟོ་མཁན་དུད་ཚང་40དང་ལས་གཉེར་བ་70བཅས་ཡོད་པ་རེད། ཆེད་ལས་མཉམ་ལས་ཁང་གི་གྲས་སུ་ཆབ་ཁ་གྲོང་རྡལ་བོད་གྲི་ལས་སྣོན་བྲིན་ཚོང་ཆེད་ལས་མཉམ་ལས་ཁང་དང་ཆུ་ནུབ་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་ཀོ་ཆས་ལས་སྣོན་ཆེད་ལས་མཉམ་ལས་ཁང་ཡོད། ཉུག་རོང་གི་རྫ་བཟོ་ཡང་དེ་སྔ་དུད་ཚང་སོ་སོས་བཟོ་བའི་བཟོ་ཁང་ཆུང་ཆུང་ནས་བཟོ་པ་མང་པོ་མཉམ་འབྲེལ་དང་དུད་ཚང་མང་པོ་མཉམ་ལས་བྱེད་པའི་ཐོན་སྐྱེད་གཉེར་སྐྱོང་གི་ཆགས་སྟངས་གྲུབ་ཡོད།

    བསྡོམས་རྩིས་ལྟར་ན། 2014ལོར་བཞད་མཐོང་སྨོན་རྫོང་ལ་ལོ་ཧྲིལ་པོར་བོད་གྲི་བཙོངས་པའི་ཡོང་འབབ་སྒོར་ཁྲི་445དང་། ཀོ་ཆས་བཙོངས་པའི་ཡོང་འབབ་སྒོར་ཁྲི་180 རྫ་ཆས་བཙོངས་པའི་ཡོང་འབབ་སྒོར་ཁྲི་45བཅས་ཟིན་ཡོད། “མཐོང་སྨོན་གྱི་ཁྱད་ལྡན་ཐོན་ལས་གསུམ”གྱི་འབྱུང་འགྱུར་གྱི་ལམ་བུ་དེ་བས་ཡངས་སུ་ཕྱིན་ནས་བཞད་མཐོང་སྨོན་རྫོང་གི་ཞིང་འབྲོག་པའི་དཔག་བསམ་སྡོང་པོ་ལྟ་བུར་འགྱུར་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།