དབུ་ཤོག>གསར་འགྱུར།
  • ཆབ་སྲིད་གསལ་པོ་ཤེས་མཁན་ཞིག་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-07-08

    “ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་ལས་བྱེད་པ་བཟང་པོ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས”ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིར་མཇལ་འཕྲད་གནང་སྐབས་བཏོན་གནང་བའི་བླང་བྱ་ཞིག་རེད། ཡང་དག་པའི་ཆབ་སྲིད་ཀྱི་ལྟ་བ་མེད་ཕྱིན་བླ་སྲོག་མེད་པ་དང་གཅིག་མཚུངས་ཡིན། འགོ་ཁྲིད་ལས་བྱེད་པ་རྣམས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས་ཆབ་སྲིད་ཐད་རིག་པ་དྭངས་གསལ་ཡོད་མེད་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་མེད་ནི་དེས་འགན་འཁྲི་ལྕི་པོ་འཁུར་ཐུབ་མིན་དང་ལས་འགན་ལྕི་པོ་འཁུར་ཐུབ་མིན་ལ་ཞིབ་བསྡུར་བྱེད་པའི་ཚད་གཞི་དང་པོ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྫོང་ཨུད་ཧྲུའུ་ཅི་ཁག་ལ་བཏོན་གནང་བའི་བླང་བྱ་ཁག་བཞིའི་ཁྲོད་ཀྱི་དང་པོ་ནི“ཆབ་སྲིད་གསལ་པོ་ཤེས་མཁན་ཞིག་བྱེད་དགོས”པ་དེ་རེད། དེ་ནི་རྒྱལ་ཡོངས་ཀྱི་རྫོང་ཨུད་ཧྲུའུ་ཅི་2800ལྷག་ཙམ་ལ་གནང་བའི་མངགས་བཅོལ་ཟབ་མོ་ཞིག་ཡིན་ལ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚང་མར་གནང་བའི་བསླབ་བྱ་ནན་པོ་ཞིག་ཀྱང་རེད།

    གང་འདྲ་ཞིག་ནི་ཆབ་སྲིད་གསལ་པོ་ཤེས་མཁན་ཡིན་ནམ། མདོར་བསྡུས་ནས་བརྗོད་ཚེ་དེ་ནི་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་། “སེམས་ནང་ཏང་ཡོད་པ་དང་། སེམས་ནང་མང་ཚོགས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྒྲིག་ཁྲིམས་ཡོད་པ”བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་རྒྱུར་བརྗོད།

    ཕུགས་བསམ་དད་སེམས་ནི་གུང་ཁྲན་ཏང་མི་ཚང་མའི་བསམ་བློའི་ཐད་ཀྱི“འཚོ་བཅུད”ཅིག་ཡིན་ལ་ཆབ་སྲིད་གསལ་པོ་ཤེས་མཁན་གྱི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། ཕུགས་བསམ་དད་སེམས་མེད་པ་དང་ཕུགས་བསམ་དད་སེམས་བརྟན་པོ་མེད་ཕྱིན་བསམ་བློའི་ཐོག“འཚོ་བཅུད”མི་འདང་བ་དང“རུས་སྙིའི་ནད”ཕོག་གི་ཡོད་ལ་ཆབ་སྲིད་ཐད་བློས་འགེལ་མི་ཐུབ། ཕུགས་བསམ་དད་སེམས་དེ་སྟོང་གཏམ་ཞིག་མིན་པར་དེ་ནི་དངོས་འབྲེལ་དྲང་འབྲེལ་ཞིག་ཡིན་པ་དང་། དེ་མངོན་འགྱུར་ཡོང་བ་བྱེད་པའི་བརྒྱུད་རིམ་ནང་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བ་དང་། རང་རེའི་ཏང་གིས་བསྒྲུབས་པའི་བྱ་གཞག་ནི་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་ཡིན་པས་དེ་ནི་དྲང་བདེན་དང་། བླ་ན་མེད་པ། ཚེ་གང་འབད་འཐབ་བྱེད་འོས་པ་བཅས་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་དགོས། སྒྲིག་ཁྲིམས་སྒྲིག་ལམ་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་ཆགས་འཇིག་གི་སྲོག་རྩ་ལྟ་བུ་ཡིན་ལ་ཆབ་སྲིད་གསལ་པོ་ཤེས་མཁན་བྱེད་པའི་འགན་ལེན་ཡང་ཡིན། ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཐད་རིག་པ་དྭངས་གསལ་ཡོད་མེད་ལ་ཞིབ་བསྡུར་བྱེད་པའི་ཐད་གལ་འགངས་ཆེ་ཤོས་ཤིག་ནི་དེའི་སེམས་ནང་སྒྲིག་ཁྲིམས་ཡོད་མེད་ལ་བལྟ་རྒྱུ་དེ་རེད། “གོང་ལ་སྐུད་པ་སྟོང་། གཤམ་དུ་ཁབ་མིག་གཅིག”ལྟར་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཚང་མ་རྫོང་ཨུད་ཧྲུའུ་ཅིའི་ལས་ཀའི་ཐོག་ནས་དོན་འཁྱོལ་བྱེད་དགོས་ཀྱི་ཡོད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ནས་རྩ་འཛུགས་ཀྱི་འདུ་ཤེས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལ་དམ་འཛིན་བྱས་ཚེ་གཞི་ནས་སྲིད་བཀའ་ཐོགས་མེད་ཡོང་ཐུབ། འགོ་ཁྲིད་ལས་བྱེད་པ་ཚང་མས་ཤེས་དགོས་པ་ཞིག་ལ། ཆབ་སྲིད་གསལ་པོ་ཤེས་མཁན་ཞིག་བྱེད་པ་ལས་སྣང་བ་མཐའ་ཡས་བྱ་རྒྱུ་མེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ངེས་པར་དུ་ལྔ”ལ་བརྩི་སྲུང་ཞུས་ནས་སྔ་བར་ཕྱི་གསུམ་དུ་རང་དགར་བྱ་སྤྱོད་མི་སྤེལ་བར་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་ལས་ངན་པ་ཤོག་སྒྲིལ་མི་བྱེད་པ་དང་། བཀག་རྒྱ་ཡོད་བཞིན་རང་འདོད་ཅི་འདོད་མི་བྱེད་པ། རྩ་འཛུགས་ཀྱི་བཀའ་ལ་དང་ལེན་ཞུ་བ་ལས་བརྩི་སྲུང་མི་ཞུ་བ་མི་བྱེད་པ། གཉེན་གྲོགས་ཀྱིས་དབང་ཆར་ཐེ་ཇུས་བྱ་རྒྱུ་བཀག་འགོག་ཡག་པོ་བྱེད་དགོས་པ་བཅས་རེད། དེ་ནི་འགོ་ཁྲིད་ལས་བྱེད་པའི་འཇོན་ཐང་ཆེན་པོ་ཞིག་ཡིན་ལ་ཆབ་སྲིད་ཐད་ཀྱི་ལྷག་བསམ་རྣམ་དག་ཅིག་དེ་བས་ཡིན།

    ང་ཚོས་རྒྱུན་དུ་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པོ་ཡོད་དགོས་ཞེས་བརྗོད་ཀྱི་ཡོད། “ཆབ་སྲིད་གསལ་པོ་ཤེས་མཁན”ཞིག་བྱ་རྒྱུ་དེ་ཆེས་རྩ་བའི་བླང་བྱ་ཞིག་རེད། ཆབ་སྲིད་ཐད་རིག་པ་དྭངས་གསལ་དང་ལངས་ཕྱོགས་སྔ་བར་ཕྱི་གསུམ་དུ་བརྟན་པོ་ཞིག་དངོས་འབྲེལ་བྱུང་ཐུབ་ཚེ་རྫོང་ཨུད་ཧྲུའུ་ཅི་དང་ཏང་ཡོན་ལས་བྱེད་པ་རྣམས་གཞི་ནས་འཕེལ་རྒྱས་ཀྱི་ལམ་བུ་འབྱེད་མཁན་དང་། མང་ཚོགས་ཀྱི་སྙིང་ཉེ་བ། ཚན་ཁག་གི་སྣེ་ཁྲིད་པ་བཅས་ཡག་པོ་ཐུབ་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་གཙོ་རྐང་སྟོབས་ཤུགས་ཤིག་ཏུ་འགྱུར་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།