གཟའ་འཁོར་འདིའི་ནང་ཡོམ་ཁུལ་དང་ཞིང་ཁུལ་གཙོ་བོར་ཆར་ཆུ་འབབ་ཤུགས་འབྲིང་ཙམ་ཡོད་པ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་7ཚེས་6ཉིན་ནས་ཟླ་7ཚེས་12ཉིན་བར)
སྔོན་དཔག་བྱས་ན། གཟའ་ཟླ་བ་ལ། གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དང་ལྷོ་ཁ་ས་ཁུལ་གྱི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་། ཉིང་ཁྲི་གྲོང་ཁྱེར་དུ་ཆར་པ་ཆུང་བ་འབབ་རྒྱུ།
གཟའ་མིག་དམར་ནས་ཕུར་བུ་བར། ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ནག་ཆུ་ས་ཁུལ་བཅས་ཀྱི་དབུས་ཤར་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ། དེ་བཞིན་གཞིས་རྩེ་གྲོང་ཁྱེར་དང་། ལྷ་ས་གྲོང་ཁྱེར། ལྷོ་ཁ་ས་ཁུལ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ།
གཟའ་མཇུག་ཉིན་གཉིས་ནང་། རང་ལྗོངས་ཀྱི་ནུབ་ནས་ཤར་བར་ཆར་ཆུ་ཐེངས་གཅིག་འབབ་རྒྱུ་ཡིན་པ་དེའི་ནང་མངའ་རིས་ས་ཁུལ་དང་ནག་ཆུ་ས་ཁུལ་དུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དང་། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་འདིར་ལྷོ་རྒྱུད་དང་ཤར་རྒྱུད་ས་ཁུལ་དུ་དུས་ཐུང་གི་ཆར་ཆུ་ཆེན་པོ་འབབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་པས་ས་ཆ་ཆ་ཤས་སུ་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཞོར་སྐྱོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་ཁ་ལོ་བ་ཚོས་གཟབ་ནན་ངང་རླངས་འཁོར་བཏང་ནས་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱེད་དགོས།
2.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཞིང་ཁུལ་གཙོ་བོར་ཆར་པ་འབབ་ཤུགས་འབྲིང་ཙམ་ཡོད་པས་ཕན་ཡོད་གོ་སྐབས་སྤྱད་དེ་མི་ཐབས་ལ་བརྟེན་པའི་ཆར་པ་མང་དུ་གཏོང་བའི་ལས་དོན་སྤེལ་རྒྱུར་དམ་འཛིན་བྱེད་དགོས།