དབུ་ཤོག>གསར་འགྱུར།
  • ནོར་སྲིད་སྲིད་ཇུས་གཏན་འབེབས་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་བྱེད་པ།

  •     སྤེལ་དུས།  2015-07-06

    “ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་དགོས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཡག་པོ་གཞི་རིམ་དུ་དོན་འཁྱོལ་དང་མི་སེར་གྱི་དགོས་མཁོ་ཆེ་ཤོས་སུ་དོན་འཁྱོལ་བྱེད་དགོས”ཞེས་པ་དེ་ནི་ཉེ་ཆར་ནག་ཆུ་ས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནག་ཆུ་ཡང་སྐྱར་ཕྱི་ལྟའི་ཚོང་རའི་ཏུང་ཧྲི་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཡིན་པའི་ཝུའུ་མིང་གིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་སྐོར་ལ་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་པའི་ཞིག་རེད། ཝུའུ་མིང་གིས་ད་ལྟའི་དུས་སྐབས་ནང་དམངས་གཉེར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཚོ་གནས་དང་འཕེལ་རྒྱས་ཀྱི་འཇུར་མིག་ནི་སྔར་བཞིན་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་དེ་རེད། འཕེལ་རྒྱས་ཀྱི་ཁྲོད་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྟག་ཏུ་མ་དངུལ་མི་འདང་བ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་དེ་ཙམ་ལེགས་པོ་མེད་པའི་གནད་དོན་འཕྲད་ཀྱི་ཡོད་པ་དང་ཞིབ་ཕྲའི་མཚོན་ཚུལ་ནི་མ་དངུལ་བསྡུ་སྒྲིལ་བྱེད་དཀའ་བ་དང་། མ་དངུལ་བསྡུ་སྒྲིལ་བྱེད་ཆེ་བ། མ་དངུལ་བསྡུ་སྒྲིལ་ཟང་ཟིང་། མ་དངུལ་བསྡུ་སྒྲིལ་ཉེན་ཁ་ཆེ་བ་བཅས་རེད་ཅེས་བཤད་པ་རེད།

    ཇི་ལྟར་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་སེལ་དགོས་སམ་ཞེ་ན། ཝུའུ་མིང་གིས་དང་ཐོག་ཁེ་ལས་རང་ཉིད་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཆ་རྐྱེན་ལེགས་སུ་གཏོང་དགོས་པ་དང་ཁྱིམ་རྒྱུད་ལྟ་བུ་དང་ཁྱིམ་བདག་ལྟ་བུའི་དོ་དམ་རྣམ་པར་འགྱུར་བ་གཏོང་དགོས་པ། གཟབ་ནན་ངང་གཉེར་སྐྱོང་བྱེད་པ། ཚན་རིག་དང་མཐུན་པའི་གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གཉིས་ནས་སྲིད་གཞུང་གིས་འབྲེལ་ཡོད་ནོར་སྲིད་སྲིད་ཇུས་གཏན་འབེབས་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་ཧུར་ཐག་བྱེད་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ཐད་སྐྱིན་ཚབ་རང་བཞིན་གྱི་རོགས་སྐྱོར་དང་ནོར་སྲིད་སྐྱེད་གསབ་བྱེད་དགོས། གཞན་ཡང་དངུལ་ཁང་ནས་བཏང་བའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ཐད་ལས་གཉེར་དཔྱ་ཁྲལ་དང་ཁེ་ལས་ཐོབ་ཁྲལ་ཐད་གཟིགས་སྐྱོང་གི་ཁྲལ་ཚད་ངེས་ཅན་ཞིག་སྤྲད་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལས་གཉེར་དཔྱ་ཁྲལ་དང་ཐོབ་ཁྲལ་འོས་འཚམ་གྱིས་ཉུང་དུ་གཏོང་བའམ་ཡང་ན་མེད་པ་བཟོས་ནས་དངུལ་ཁང་གིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་རྒྱབ་སྐྱོར་བྱེད་ཚད་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།

    དུས་མཚུངས་ཝུའུ་མིང་གིས་དམངས་ཁྲོད་བུན་གཡར་ཁྲོམ་རའི་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ་དང་། དམངས་ཁྲོད་བུན་གཡར་གྱི་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ལྡན་ངང་དམངས་ཁྲོད་ཀྱི་བུན་གཡར་ཉེན་ཁ་སྔོན་འགོག་བྱས་ནས་ཁྲིམས་ལུགས་ཐོག་ནས་རྒྱུན་གཏན་གྱི་དམངས་ཁྲོད་བུན་གཡར་ལ་སྲུང་སྐྱོང་བྱེད་པ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གནོན་ཤུགས་དང་ཁུར་པོ་ཆུང་དུ་གཏོང་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།