ཉེ་ཆར་གསར་འགོད་པར་མངའ་རིས་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་42དོན་འཁྱོལ་བྱས་པ་དང་འཛུགས་སྐྲུན་གྱི་ལམ་ཐག་སྤྱི་ལེ་2029ཟིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་53.8གཏོང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མངའ་རིས་ས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ནང་གཙོ་གནད་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ཨ་མ་འཛུགས་སྐྲུན་རྣམ་གྲངས་དང་། གྲོང་གསེབ་གཞུང་ལམ་གསར་སྐྲུན་རྣམ་གྲངས། གྲོང་གསེབ་ཀྱི་དགོན་སྡེའི་གཞུང་ལམ་མཐུད་སྐྲུན་རྣམ་གྲངས་བཅས་ཚུད་ཡོད་པ་དེའི་ནང་ཞིང་ཆེན་རིམ་པའི་གཞུང་ལམ་301རྒྱུད་ཀྱི་སྒེར་རྩེ་ནས་དགེ་རྒྱས་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་18.7གཏོང་རྒྱུ་དང་ལམ་ཐག་སྤྱི་ལེ་366ཟིན་པ་དང་། རྒྱལ་ལམ་317རྒྱུད་ཀྱི་སྟོང་མཚོ་ནས་སྒེར་རྩེ་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.8གཏོང་རྒྱུ་དང་ལམ་ཐག་སྤྱི་ལེ་84ཟིན་པ། རྒྱལ་ལམ་216རྒྱུད་ཀྱི་སྟོང་མཚོ་ནས་ཐོ་རོང་མཚོའི་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.78གཏོང་རྒྱུ་དང་ལམ་ཐག་སྤྱི་ལེ་88ཟིན་པ། རྒྱལ་ལམ་216རྒྱུད་ཀྱི་ཐོ་རོང་མཚོ་ནས་མཚོ་ཆེན་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་4.79གཏོང་རྒྱུ་དང་ལམ་ཐག་སྤྱི་ལེ་80ཟིན་པ་བཅས་རེད།
ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་མངའ་རིས་ས་ཁུལ་གྱིས་ད་དུང་གྲོང་གསེབ་གཞུང་ལམ་གསར་སྐྲུན་གྱི་རྣམ་གྲངས་ཁག་10དོན་འཁྱོལ་བྱ་རྒྱུ་ཡིན་པར་མ་དངུལ་སྒོར་དུང་ཕྱུར་16.88གཏོང་རྒྱུའི་འཆར་གཞི་ཡོད་པ་དང་ལམ་ཐག་སྤྱི་ལེ་877འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། མཐུད་སྐྲུན་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཁག་9ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་0.23གཏོང་རྒྱུ་ཡིན་པ། མཐུད་སྐྲུན་གྱི་གྲོང་གསེབ་གཞུང་ལམ་རྣམ་གྲངས་ཁག་9དང་དགོན་སྡེའི་གཞུང་ལམ་རྣམ་གྲངས་ཁག་4ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.4195གཏོང་རྒྱུ་ཡིན་པ་བཅས་རེད།