ཀླད་པའི་འགུལ་སྐྱོད་དང་ནུས་པ་རྒྱུན་གཏན་ཞིག་མིན་ཚེ་གཟུགས་མཐོང་བ་དང་།དྲི་ཚོར་བ།སྒྲ་ཐོས་པ།རོ་མྱོང་བ།རེག་པ་སོགས་ལས་བྱུང་བའི་ཚོར་བ་ལ་སྐྱོན་ཞུགས་ཏེ་དྲན་ཤེས་དང་ཚོར་སྣང་གི་ནུས་པ་སོགས་སྐྱོ་པོ་ཆགས་ཀྱི་ཡོད་པར་བརྟེན་རྒྱུན་གཏན་ཀླད་པ་སྲུང་སྐྱོབ་བྱེད་སྟངས་ཀྱི་ཤེས་བྱ་འགའ་ཞིག་བཤད་པར་བྱ་བ་ནི།
ཁྱིམ་ལས་མང་ཙམ་བྱེད་དགོས། ཁྱིམ་ལས་ཙག་ཙིག་གིས་རྒྱུན་དུ་ཤ་གནད་ལ་སྦྱོང་བརྡར་ཐེབས་པར་བརྟེན་ཀླད་པར་འགུལ་སྐྱོད་ཆེན་པོ་བྱུང་སྟེ་ཀླད་པའི་རྒྱུན་གཏན་བདེ་སྲུང་ནུས་པ་ཆེ་རུ་གཏོང་གི་ཡོད་པ་དང་།
མི་གཞན་ལ་ཁ་ཡ་མང་ཙམ་བྱེད་དགོས། རང་གིས་ངོ་ཤེས་མ་ཤེས་སོགས་མི་གང་ཡང་རུང་བ་ལ་ཁ་ཡ་མང་ཙམ་བྱས་ན་ཕ་རོལ་གྱི་བྱད་དབྱིབས་དང་གཤིས་རྒྱུད་བློ་ལ་ངེས་ཐུབ་པས་རང་གི་ཀླད་པའི་ངེས་ཤེས་དང་འགུལ་སྐྱོད་ཀྱི་ནུས་པ་ཆེ་རུ་གཏོང་ཐུབ་པ།
ཉིན་ལྟར་ལམ་མི་འདྲ་བ་བཙལ་ནས་འགྲོ་དགོས་པ། ཉིན་ལྟར་འཆམ་འཆམ་དུ་སྐྱོད་སྐབས་ལམ་རྙིང་པ་ཁོ་ན་འདེད་ནས་འགྲོ་རྒྱུ་མེད་པར་ལམ་གསར་པ་འཚོལ་བ་དང་འགྲོ་མ་མྱོང་བའི་ལམ་འདེད་ན་ཀླད་པའི་དུས་ཐུང་དྲན་ཤེས་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་པ་ཆེ་བ།
བརྙན་འཕྲིན་ཉུང་ཙམ་ལྟ་དགོས་པ། བརྙན་འཕྲིན་ལྟ་སྐབས་ཀླད་པ་ཆ་སྙོམས་འགུལ་མེད་ཀྱི་རྣམ་པར་གནས་པས་རང་གི་དྲན་ཤེས་ནུས་པའི་སྦྱོང་བརྡར་སྐྱོ་རུ་འགྲོ་ཡི་ཡོད།ཨའོ་ཏ་ལི་ཡའི་གསོ་རིག་མཁས་པའི་སྦྱོང་བརྡར་ཞིག་གི་ནང་རྒྱུན་གཏན་དྲན་ཤེས་ཀྱི་ནུས་པ་ཆེ་བའི་མི་ཚོས་བརྙན་འཕྲིན་ལྟ་བའི་དུས་ཚོད་ཐུང་ཐུང་ཡིན་པར་ར་སྤྲོད་བྱས་ཡོད།དེར་བརྟེན་དུས་ཚོད་རིང་པོར་བརྙན་འཕྲིན་བལྟས་ནས་སྡོད་རྒྱུ་མེད།
ཟས་རིགས་ཞིབ་མོར་བཅག་པ་དང་ག་ལེེར་མིད་དགོས་པ། འཇར་པན་གྱི་དབང་རྩའི་རིགས་གཅིག་མཁས་དབང་སྨི་ཧྲན་ཀུང་ཆིས་ཟས་རིགས་ཞིབ་མོར་བཅག་བཅག་བྱས་ནས་ག་ལེར་མིད་ན་ཀླད་པའི་པགས་པའི་ཟུངས་ཁྲག་འཁོར་སྐྱོད་དལ་མགྱོགས་སྙོམ་པོ་ཡོང་བས་ཀླད་པར་སྦྱོང་བརྡར་ཡག་པོ་ཡོང་གི་ཡོད་ཅེས་གསུངས་ཡོད།
ཆུ་མང་ཙམ་འཐུང་བ། ཨ་རིའི་ནད་ཐོག་དབང་རྩའི་སྨན་རིག་མཁས་པས་ཀླད་པའི་ནང་གི་བཅུ་ཆ་བརྒྱད་ནི་ཆུ་ཡིན་པས་ཀླད་པར་ཆུ་མ་འདང་ན་བསམ་གཞིགས་ཀྱི་ནུས་པར་འགོག་རྐྱེན་འཕྲད་ཀྱི་ཡོད་ཅེས་གསུངས་ཡོད།
མགྱོགས་བགྲོད་དུ་མང་ཙམ་འགྲོ་བ། གཟའ་འཁོར་རེར་ཉུང་མཐར་མགྱོགས་བགྲོད་དུ་ཐེངས་༣ཙམ་འགྲོ་དགོས་པ་དང་།ཐེངས་རེར་སྐར་མ་༥༠ཙམ་གྱི་དུས་ཚོད་སྤྱད་ན་ཀླད་པའི་བསམ་གཞིགས་ནུས་པ་དང་ཚོར་བ་རྣོ་རུ་འགྲོ་ཡི་ཡོད་པ་བཅས་སོ།