ཉེ་བའི་ལོ་ཤས་ནང་རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་ལས་དོན་གྱི་ཤུགས་རྒྱག་གཞི་གནད་འཁེལ་ངང་བཙལ་བ་དང་། ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ལེགས་ཆར་སྒྱུར་བ་བྱས་པ། “དངུལ་རྩའི་ཡར་སྐུལ”གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱ་རྒྱུར་གཙོ་གནད་དུ་བཞག་པ། ཁྱད་པར་ཅན་གྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་ལག་བསྟར་བྱས་པ། མ་དངུལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཡོད།
སྲིད་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཡིད་རྟོན་དངུལ་བུན་དེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་གཟིགས་སྐྱོང་བྱ་རྒྱུར་སྐུལ་ལྕག་བཏང་བ། ཁེ་ལས་འབྲིང་གྲས་དང་ཆུང་གྲས། ཆེས་ཆུང་གྲས་འཁོར་སྐྱོད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་བོད་ཀྱི་དོན་དངོས་དང་མཐུན་པའི་ས་ཁོངས་རང་བཞིན་གྱི་ཡིད་རྟོན་དབུལ་བུན་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། ཁེ་ལས་འབྲིང་གྲས་དང་ཆུང་གྲས། ཆེས་ཆུང་གྲས་ཀྱི་དངུལ་བུན་འཕར་ཚད་རིགས་ཁག་གི་དངུལ་བུན་འཕར་ཚད་ལས་མི་དམའ་བ་དང་འཕར་ཚད་དེ་ལོ་གོང་མའི་འཕར་ཚད་ཀྱི“མི་དམའ་བ་གཉིས”ཀྱི་དམིགས་ཚད་ལས་དམའ་བ་མེད་པའི་འགན་ལེན་བྱས་པ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཏན་ཏིག་བཅས་བྱས་ཡོད། ལོ་ལྟར་ཁེ་ལས་འབྲིང་གྲས་དང་ཆུང་གྲས། ཆེས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་ཀྱི་ཁྲིད་སྟོན་དཔྱད་དཔོག་བྱས་པ་དང་འབྲེལ་དཔྱད་དཔོག་འབྲས་བུ་དེ་ཚོང་ལས་དངུལ་ཁང་ཁག་ཏུ་བརྡ་ཁྱབ་བཏང་སྟེ་དངུལ་ཁང་གི་དངུལ་རྩའི་སྒྲིག་གཞིའི་ལེགས་འགྱུར་གྲུབ་ཆར་སྐུལ་འདེད་བཏང་སྟེ་ཁེ་ལས་འབྲིང་གྲས་དང་ཆུང་གྲས། ཆེས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།
ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་འབྲེལ་ཡོད་འགན་འཁུར་བས“བོད་ལ་ཤུགས་རྐྱེན་སྣ་མང་ཐེབས་པའི་དབང་གིས་ཁེ་ལས་འབྲིང་གྲས་དང་ཆུང་གྲས་། ཆེས་ཆུང་གྲས་ཀྱི་གཞི་ཁྱོན་ཆུང་བ་སྟེ་གཙོ་བོ་མི་རིགས་ལག་ཤེས་བཟོ་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་ཡིན། གལ་སྲིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིད་རྟོན་དངུལ་བུན་སྲིད་ཇུས་ལྟར་ན་དངུལ་ཁང་གི་དངུལ་བུན་ཆ་རྐྱེན་ལ་སླེབས་དཀའ་མོད། འོན་ཀྱང་ཁྱད་པར་ཅན་གྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་ལག་བསྟར་བྱས་ནས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་དངུལ་བུན་རག་ཚད་ཆེ་རུ་འགྲོ་སྲིད”ཅེས་ངོ་སྤྲོད་བྱས།
དེ་དང་ཆབས་ཅིག་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་ཁང་སྒྲིག་གཞིས་དངུལ་རྩའི་ཐོན་རྫས་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཏེ་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཡོད།