ཁྲལ་འབབ་ནི་མ་དངུལ་དང་སྲིད་ཇུས་མཁོ་འདོན་བྱེད་པའི་མཉམ་གྲུབ་སྒྲིག་གཞི་ཞིག་ཡིན། རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། ཁྲལ་འབབ་ཀྱི་གཟིགས་སྐྱོང་བརྒྱུད་དཔལ་འབྱོར་མཉམ་སྒྲིག་བྱེད་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་པ་དེས་ཁེ་ལས་ཀྱི་མ་དངུལ་གྱི་ཁུར་པོ་ཡང་དུ་གཏོང་ཐུབ་ལ། སྲིད་ཇུས་ཀྱི་ཁྲིད་སྟོན་གྱི་ངོས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཡང་བྱེད་ཐུབ། ལོ་དེ་དག་རིང་ཀྲུང་དབྱང་ནས་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་བར་ཚང་མས་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ལ་ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གསར་གཏོད་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་ནུས་ལྡན་བྱས་ཡོད།
ཁྲོམ་རའི་ཁྲོད་དུ་དཀའ་ཚེགས་ཆེན་པོས་གོམ་པ་སྤོ་བཞིན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ངོས་ནས་བརྗོད་ན། “དཔའ་བོ་ཕོ་རྒོད་རྒྱུ་དངུལ་ཕྲན་བུའི་གཡོ་འོག་ཏུ་ཚུད་མི་སྲིད་པའི”དཔེ་གྲངས་ལས་འདས་པ་ཡོད་ཀྱང་འགག་རྩའི་སྐབས་སུ་ཕྲན་བུ་ཙམ་གྱིས་ཀྱང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ནུས་པ་གསབ་སྟེ་དེ་ཉིད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཐུབ། དེར་བརྟེན་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་གཉེར་འགོ་འཛུགས་པའི་དུས་མཚམས་སུ་འབྲེལ་ཡོད་ཀྱི་རོགས་སྐྱོར་བྱེད་ཐབས་ནི་ཧ་ཅང་དགོས་ངེས་ཤིག་ཡིན།
ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་ཁྲལ་འབབ་ལས་ཁུངས་ཀྱིས་ཐབས་ལམ་མཉམ་སྤྱོད་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རྒྱལ་ཁབ་ཀྱི་ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་སྔ་རྗེས་སུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཁྱབ་ཁོངས་ཐེངས་བཞི་ལེགས་སྒྲིག་བྱས་ནས་2011ལོའི་ལོ་རེའི་ཁྲལ་འཇལ་ཐོབ་གྲངས་སྒོར་ཁྲི་3ནས་2014ལོའི་ལོ་རེའི་ཁྲལ་འཇལ་ཐོབ་གྲངས་སྒོར་ཁྲི་10བར་རྒྱ་ཆེར་བཏང་བ་དང་། ད་ལོ་སླར་ཡང་སྒོར་ཁྲི་20(སྒོར་ཁྲི་20ཚུད་པ)བར་རྒྱ་ཆེར་བཏང་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ལས་གཉེར་ཐོབ་ཁྲལ་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་ཚད་འགན་ལེན་བྱས་པ་རེད། བསྡོམས་རྩིས་ལྟར་ན། 2014ལོར་སྲིད་ཇུས་དེས་བོད་ཀྱི་ལས་གཉེར་ཁྲལ་འཇལ་མཁན་དུད་ཚང་32586ལ་དངོས་ཕན་ཐོབ་པ་དང་། རིམ་རྩིས་བྱས་ན། ལས་གཉེར་ཁྲལ་སྒོར་དུང་ཕྱུར་1.19ཆག་ཡང་དང་རྩ་ཆག་བཏང་ཡོད།
རྒྱལ་ཁབ་ཀྱི་ཁྲལ་འབབ་དེ་དམངས་ནས་བླངས་པ་དང་དམངས་ལ་སྤྱོད་ཀྱི་ཡོད། ཁྲལ་འབབ་ཀྱི་གཟིགས་སྐྱོང་ངམ་ཡང་ན་ཁྲལ་གྱི་ཁུར་པོ་ཆག་ཡང་དང་རྩ་ཆག་གཏོང་བའི་མཐའ་མའི་དམིགས་ཡུལ་ནི་རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཁེ་ལས་དང་མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་དེ་རེད། ཁྲོམ་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་དང་དུས་མཚུངས“མཐོང་རྒྱུ་ཡོད་པའི་ལག་པ”ལྟ་བུའི་སྲིད་གཞུང་གིས་རེ་མེད་སྤོབས་མེད་བྱེད་མི་རུང་། ཁྲལ་འབབ་ཀྱི་དྲང་ཕྱོགས་ཀྱི་སྐུལ་སྤེལ་ནུས་པ་འདོན་སྤེལ་བྱས་པ་བརྒྱུད་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དེ་བས་མང་བའི་དངོས་ཕན་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་ཁྲོམ་རའི་ཉེན་ཁར་ཁ་གཏད་འཇལ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ལས་ཞུགས་སྐུལ་འདེད་དང་། མངས་འཚོ་ལེགས་གཏོང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་མང་ཚོགས་ཀྱིས་ལས་བསྐྲུན་བྱེད་པ་དང་མང་ཚོགས་ཀྱིས་གསར་གཏོད་བྱེད་པའི་རླབས་གསར་འཕྱུར་བ་བྱ་རྒྱུ་དེར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་པ་སྨོས་མེད་རེད།