དབུ་ཤོག>གསར་འགྱུར།
  • “འཛུགས་སྐྲུན”ལ་མཐོང་ཆེན་བྱེད་དགོས་ལ“དོ་དམ”ཐད་དེ་བས་མཐོང་ཆེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ སུན་ཝུན་ཅོན་གྱིས།   |     སྤེལ་དུས།  2015-07-01

    གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་ནི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དང་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་ལས་དོན་སྤེལ་ས་ཡིན་ལ། སློབ་སྦྱོང་དང་བྱེད་སྒོ་སྣ་ཚོགས་སྤེལ་སའི་འཐབ་ས་གཙོ་བོ་ཡིན་པ་མ་ཟད། གྲོང་མིས་རིག་གནས་དང་། སློབ་གསོ། རོལ་རྩེད་སོགས་སྤྱི་ཕན་ཞབས་ཞུ་སྤེལ་སའི་གནས་གལ་ཆེན་ཡང་ཡིན། གཞི་རིམ་གྱི་རིག་གནས་བྱེད་སྒོ་སྤེལ་ས་ཡིན་པའི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ས་དེ་གྲོང་གསེབ་ཏུ་གཞི་ཚུགས་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ཡོད། བྱེད་སྒོ་སྤེལ་ས་ཡག་པོ་ཞིག་བསྐྲུན་རྒྱུ་དེ་གྲོང་གསེབ་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། ཏང་དང་སྲིད་གཞུང་གི་གཟུགས་བརྙན་གཏོད་རྒྱུ་དང་ས་གནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

    རང་ལྗོངས་ཀྱི་གནས་ཚུལ་དང་བསྟུན་ནས་བརྗོད་ན། ད་ཕན་ལོ་ཤས་རིང་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་ཚད་ལྡན་ཅན་ཞིག་བསྐྲུན་རྒྱུ་དེ་ཏང་འཛུགས་སྐྱོང་གི་རྨང་གཞིའི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་པའི་ཐོག་ཕན་ཡོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་དཔེ་སྟོན་གནས་བསྐྲུན་པར་བརྟེན་རྫོང་དེ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་ནམ་མཁའི་སྐར་ཚོགས་ཇི་བཞིན་ཁྱབ་ཐུབ་པ་བྱུང་བའི་ཐོག་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་སའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་ཕྱིན་ཁར་གྲོང་གསེབ་གསར་པའི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་མ་ཡང་ཐེབས་ཡོད། བྱེད་ཐབས་དེ་ལྗོངས་ཡོངས་སུ་ཁྱབ་གདལ་གཏོང་བ་དང་དཔྱད་གཞིར་འཛིན་ཆོག་པ་ཞིག་ཡོད།

    བྱེད་སྒོ་སྤེལ་ས་བསྐྲུན་རྒྱུ་ནི་རྨང་གཞི་དང་། དོ་དམ་ནི་བྱེད་ཐབས། སྤྱོད་རྒྱུ་ནི་དམིགས་ཡུལ་བཅས་ཡིན། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་ཚད་ལྡན་ཞིག་བསྐྲུན་རྒྱུ་དེ་ནི་རྨང་གཞི་ཡིན། འོན་ཀྱང་གང་འདྲ་བྱས་ཏེ་དོ་དམ་དང་དེའི་ནུས་པ་འདོན་སྤེལ་ཐུབ་པ་བྱ་རྒྱུ་དེ་ནི་འགག་རྩ་ཡིན།

    གཅིག་ནས། ཕུགས་ལ་གཞིགས་རྒྱུ་མཐའ་འཁྱོངས་བྱས་ཏེ“འཛུགས་སྐྲུན”ལ་མཐོང་ཆེན་དང“དོ་དམ”ལ་དེ་བས་མཐོང་ཆེན་བྱེད་པའི་ལམ་ལུགས་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཚན་རིག་དང་མཐུན་ལ་ཚད་ལྡན་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་དང་མ་དངུལ་སོགས་ཀྱི་དོ་དམ་བྱེད་ཐབས་ཞིབ་འཇུག་བྱས་ཏེ་བཟོ་བ་དང་། རྫོང་དང་ཤང་རིམ་པའི་སྲིད་གཞུང་གིས་ལོ་ལྟར་བཀོད་སྒྲིག་བྱས་པའི་ནོར་སྲིད་མ་དངུལ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་བསྐྲུན་རྒྱུ་དང་སྲུང་སྐྱོང་བྱ་རྒྱུའི་ཐད་སྤྱོད་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་སའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཉེན་ཆས་ཀྱི་འགན་ལེན་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་དོ་དམ་དང་སྤྱོད་རྒྱུ་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་སུ་འགྱུར་རྒྱུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་།

    གཉིས་ནས། མི་སྣ་དམིགས་སར་འབྱོར་བ་བྱེད་པ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཁོངས་མིས་རེས་སྐོར་གྱི་སྡོད་བྱའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་བྱེད་སྒོ་སྤེལ་སར་དོ་དམ་བྱེད་མཁན་ཡོད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་མཁན་ཡོད་པ་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ནུས་པ་འདོན་རྒྱུ་འགན་ལེན་བྱེད་དགོས་པ།

    གསུམ་ནས། རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་བ། ལག་བསྟར་ཕན་འབྲས་ལ་གཙིགས་ཆེན་བཅས་བྱེད་དགོས། གྲོང་ཚོ་རིམ་པའི་རྩ་འཛུགས་ཁག་གིས་དུས་ངེས་མེད་ཐོག་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ལྟ་བ་དྲིལ་བསྒྲགས་དང་། ཡ་རབས་སྲོལ་གསར་གཏོད་རྒྱུར་ཁྲིད་སྟོན། གོམས་གཤིས་ངན་པ་སྒྱུར་བ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་མེད་པ་བཟོ་བ་བཅས་བྱས་ཏེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་གསར་དར་སྤེལ་ཤུགས་ཆེན་གཏོང་དགོས། ལྷག་པར་དུ་ཞིང་པའི་དཔེ་དེབ་ཁང་དང་། རྒྱང་ཁྲིད་སློབ་གསོའི་གནས། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་སྤེལ་ས་སོགས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི“བསམ་པའི་ཁྱིམ་གཞིས”གང་ལེགས་སྤྱད་དེ་ཕུན་སུམ་ཚོགས་པའི་རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཀྱི་རིག་གནས་རོལ་རྩེད་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་ཐོག་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། 




    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།