ཉེ་ཆར་སྨྱུག་འཛིན་པས་གྲོགས་པོ་ཞིག་དང་མཉམ་དུ་ལྷ་སའི་གློག་བརྙན་ཁང་དུ་སྐྱོད་སྐབས་བྱིས་པ་བརྗོད་བྱར་བྱས་པའི་གློག་བརྙན་མང་པོ་ཞིག་སྟོན་གྱི་ཡོད་པ་མཐོང་བྱུང་། སྐབས་དེར་རང་ཉིད་ལའང་བྱིས་བློ་ཞིག་གློ་བུར་དུ་སྐྱེས་ནས“ཏུའོ་ལཱ་Aམོང”གི་གློག་བརྙན་སྤ་སེ་ཞིག་ཉོས་པ་ཡིན། གློག་བརྙན་ཁང་གི་རྐུབ་བཀྱག་སྟེང་སྡོད་སྐབས་མཐའ་འཁོར་མང་ཆེ་བ་ནི་ཕྲུ་གུ་དང་ཁྱིམ་བདག་རེད་འདུག ཚང་མ་མཉམ་དུ་ལྟ་ན་སྡུག་པའི་འགུལ་རིས་ཀྱི་རྣམ་པར་རོལ་བ་དང་། ཕྲུ་གུ་ཚོ་གསོན་ཉམས་དོད་པའི་གནས་ཚུལ་བྱུང་ཚུལ་ལ་སེམས་འགུལ་ཐེབས་ནས་སྤྲོ་སྣང་ལྡན་པའི་དགོད་སྒྲ་ལྷང་ལྷང་གྲགས། ཡུན་རིང་གི་གློག་བརྙན་གྱི་རྣམ་པ་དེ་ལས་སྨྱུག་འཛིན་པར་དེ་མ་ཐག་ཏུ་བྱིས་དུས་སུ་སླེབས་པའི་སྣང་བ་ཞིག་བྱུང་། བྱིས་པའི་དུས་སུ་བལྟས་པའི“སྤྲེའུ་ཡིས་ལྷ་ཡུལ་དཀྲུགས་ཚུལ”དང “སན་མའོ་ཡུལ་གྱར་བྱ་ཚུལ”སོགས་ཕུལ་དུ་བྱུང་བའི་བྱིས་པའི་གློག་བརྙན་མང་དག་ཅིག་བསམ་བློར་འཁོར། གློག་བརྙན་དེ་དག་ནི་ང་ཚོ་བྱིས་པའི་དུས་ཀྱི་ཕུགས་འདུན་ཡིན་པ་དང་། ཕུགས་འདུན་དེ་དག་ང་ཚོ་དར་མར་སླེབས་ཀྱང་སྔར་བཞིན་བརྗེད་དཀའ་བས་སེམས་གཏིང་དུ་མཛེས་སྡུག་ལྡན་ཤོས་ཀྱི་བྱིས་པའི་བསམ་བློའི་མེ་ཏོག་ལྡུམ་ར་ཞིག་བཏོད་ཡོད།
གློག་བརྙན་ཁང་ནས་ཕྱིར་དོན་སྐབས་སྨྱུག་འཛིན་པས་བསམ་བློ་ཞིག་བཏང་བ་སྟེ། འོ་ན་བྱིས་པ་ཁོ་ནར་བྱིས་པའི་གློག་བརྙན་ཞིག་མཁོ་བ་ཡིན་ནམ། བྱིས་པའི་དུས་སུ་ལྟ་མྱོང་བའི་ཕུལ་བྱུང་གི་གློག་བརྙན་དེ་དག་ལ་བསམ་བློ་ཞིག་ཐོངས་དང་། ཕལ་ཆེར་དེ་དག་ཚང་མ་ཕ་མ་དང་རྒན་རབས་པ་ཚོ་དང་མཉམ་དུ་བལྟས་པ་ཞིག་རེད། གློག་བརྙན་དེ་དག་བལྟས་རྗེས་ཚང་མས་དུས་ཚོད་རིང་པོ་ཞིག་ཉམས་ལེན་དང་གྲོས་བསྡུར་བྱས་རྐྱེན་དུས་ད་ལྟའང་ཚང་མར་བག་ཆགས་ཟབ་མོ་བཞག་ཡོད། མི་ཚང་མར་བྱིས་པའི་བསམ་བློ་ཞིག་ཡོད་པས་མི་སུ་ཞིག་གིས་ཀྱང་རང་ཉིད་བྱིས་དུས་སུ་སླར་ཡང་ལོག་རྒྱུར་རོགས་རམ་ཐུབ་པའི་གློག་བརྙན་དེ་དག་ཁས་མ་ལེན་རང་ལེན་རེད། བྱིས་པའི་གློག་བརྙན་ཡག་པོར་མི་རྒན་དང་ཕྲུ་གུ་ཚང་མས་བལྟ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། བྱིས་པའི་གློག་བརྙན་ཡག་པོར་ཕྲུ་གུ་ཚོས་དགའ་པོ་བྱེད་པ་མ་ཟད། དར་མ་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ནི་གློག་བརྙན་ཁྲོད་ང་ཚོ་དང་ཕྲུ་གུ་ཚོས་སོ་སོའི་སྐད་སྒྲ་འཚོལ་ཐུབ་པ་དང་། ཕྲུ་གུ་ཚོར་ཇི་ལྟར་བྱས་ནས་སྙིང་སྟོབས་ཆེ་ལ་ལྷག་བསམ་རྣམ་དག་གི་མི་ཞིག་བྱེད་པ་དང་ཇི་ལྟར་བྱས་ནས་འཇིག་རྟེན་འདིར་དགའ་ཞེན་བྱེད་དགོས་ལུགས་ཤེས་ཐུབ་པས་རེད།
བློ་ཕམ་པ་ཞིག་ནི་བྱིས་པའི་གློག་བརྙན་དེ་དག་ཁྲོད་རང་རྒྱལ་ནས་འཁྲབ་བའི་གློག་བརྙན་ཧ་ལམ་མེད་པ་དེ་རེད། གང་ཞིག་ནས་འགོ་འཛུགས་དགོས་མིན་མ་ཤེས། “སྐྱིད་སྣང་དོད་པའི་ལུ་གུ”དང“དོམ་གྱི་བྱུང་རབས”སོགས་འགུལ་རིས་གློག་བརྙན་ཉུང་ཤས་ཕུད། རང་རྒྱལ་གྱིས་འཁྲབ་པའི་བྱིས་པའི་གློག་བརྙན་ང་ཚོའི་མཐོང་ལམ་ནས་རིམ་གྱིས་ཉུང་དུ་སོང་ཡོད། འོན་ཀྱང་ང་ཚོའི་གློག་བརྙན་ཁང་དུ་རྒྱུན་དུ་སྒུལ་སྟངས་དང་། དགོད་བྲོ་བའི་ཟློས་གར། འཕྲུལ་སྣང་གི་གློག་བརྙན་བཅས་སྣ་ཚོགས་སྟོན་གྱི་ཡོད་པས“དྲུག་གཅིག”གི་སྐབས་གཞི་ནས་ཕྲུ་གུ་རྣམས་གཅིག་སྡུད་ཐོག་ལྟད་མོ་ལྟ་བའི་དུས་ཚོད་ཅིག་ཏུ་འགྱུར་གྱི་ཡོད།
དོན་དངོས་ཐོག་དར་མ་དང་བྱིས་པ་ཚང་མས་གློག་བརྙན་ལྟ་དགོས་ཀྱི་ཡོད། ཕྲུ་གུ་ཚོས་གློག་བརྙན་ནང་ནས་དཔའ་ངར་ཆེ་བ་དང་། སྤྲོ་སེམས་ལྡན་པ། མཐུན་སྒྲིལ་ལྡན་པ། རང་གིས་རང་ལ་ཡིད་ཆེས་པ་བཅས་དང་ཐ་ན་གློག་བརྙན་ལེ་ཚན་ཞིག་བརྒྱུད་ཇི་ལྟར་བྱས་ནས་རང་བྱུང་ཁམས་དང་སྐད་ཆ་ཤོད་ཤེས་པ་བྱེད་དགོས། འོན་ཀྱང་ང་ཚོ་དར་མ་ཚོའི་ངོས་ནས་བརྗོད་ན། རྒྱུན་དུ་གློག་བརྙན་ནང་བྱིས་པའི་བསམ་བློར་སླར་ཡང་སླེབས་པ་བྱེད་དགོས། ང་ཚོས་དགའ་གཅེས་དང་ལྷག་བསམ་དང་། མཛེས་སྡུག་དང་བསླུ་མེད། སེམས་བཟང་དང་གཅེས་སུ་རུང་བ་བཅས་ཀྱི་བྱིས་པའི་གློག་བརྙན་སྔར་བས་མང་བ་ཞིག་བསྟན་ནས་རྩ་ཆེའི་བྱིས་བློར་ཕུགས་འདུན་ཞིག་བཏོད་དེ་ང་ཚོ་དང་ཕྲུ་གུ་ཚོར་སུབ་ཐབས་མེད་པའི་རིག་གནས་ཀྱི་དྲན་ཤེས་ཤིག་འཇོག་ཐུབ་པའི་རེ་འབོད་བྱེད་དགོས།