བོད་རིགས་མང་ཆེ་བས་མ་གཞི་ཤ་རིགས་སྣ་ཚོགས་ཟ་གི་ཡོད་ཀྱང་འཛེམ་སྤང་ཐད་ཅུང་དམ་ཙམ་ཡོད་མཁན་མི་ཁག་གཅིག་གིས།ཉ་ཕག་སྒོང་གསུམ་སྟེ་ཉ་ཤ་དང་།ཕག་ཤ།བྱ་སྒོང་བཅས་མི་ཟ་ཞིང་།ཤ་དེ་དག་མི་ཟ་བའི་རྒྱུ་མཚན་ནི་སེམས་ཅན་དེ་ཚོའི་ལུས་ཐོག་ཏུ་འགྲོ་བ་མིའི་ལུས་ཁམས་དང་ཤེས་རིག་འཕེལ་རྒྱས་ལ་གནོད་པའི་སྲོག་ལྡན་འབུ་ཕྲ་གཞན་དག་མང་པོ་གནས་ཡོད་པས་སྨན་རིགས་ཀྱི་ནུས་པ་འཇོམས་པ་དང་།ཤ་དེ་དག་ནི་བཙོག་པ་གྲིབ་ཅན་ཡིན་པར་བརྟེན་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་ལ་གནོད་པར་བརྩི་ཡི་ཡོད།
འཚོ་བའི་ཆུ་ཚད་མི་འདྲ་བས་འཛེམ་སྤང་ཐད་དམ་ལྷོད་མི་འདྲ་མོད།བོད་རིགས་ཟས་ཀྱིས་ཇི་ལྟར་ཕོངས་པ་ཞིག་ཡིན་རུང་སེམས་ཅན་རྨིག་གཅིག་པ་རྟ་བོང་སོགས་དང་།ཁྱི་དང་བྱི་ལ་སོགས་སྡེར་མོ་ཅན་གཅན་གཟན་རིགས་ཀྱི་ཤ་རྩ་བ་ནས་མི་ཟ་བ་དང་།མི་གཞན་གྱིས་ཟོས་ན་ཡང་ཧ་ཅང་སྐྱུག་བྲོར་བརྩིས་ཏེ་ཐ་ན་དེ་དག་གི་ཟས་སྣོད་དང་ཡང་མ་འདྲེས་པ་བྱེད་ཀྱི་ཡོད།ད་དུང་འབྲི་གཡག་སོགས་དེ་རིང་བསད་པའི་ཤ་ནི་ཉིན་ཤ་ཡིན་པས་ཉིན་དེ་རང་ལ་ཟ་མི་རུང་བར་བརྩིས་ཏེ་ཉིན་ཤ་ཡིན་པ་ཤེས་ན་མི་ཟ་བ།