དབུ་ཤོག>གསར་འགྱུར།
  • ཡུལ་སྐོར་ཚོང་ཟོག་ནི་རིག་གནས་ཀྱི་མིང་བྱང་གསར་པ་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཕེས།   |     སྤེལ་དུས།  2015-06-29

    མི་རིང་བའི་གོང་སྨྱུག་འཛིན་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཁྱད་ལྡན་ཐོན་ལས་མཐུན་ཚོགས་སོགས་ཚན་པ་དང་མཉམ་དུ་རྒྱལ་ཡོངས་ཀྱི་མངར་ཆ་དང་ཆང་རག་འདུ་ཚོགས་ཤིག་ནང་ཞུགས་པ་ཡིན། འདུ་ཚོགས་ཀྱི་ཉིན་དང་པོར་བོད་ལྗོངས་འགྲེམས་ཁང་དུ་ལྟ་སྐོར་བ་མང་པོ་ཡོད་པ་དང་གསར་འགོད་པའང་ཡུལ་སྐོར་བ་དང་མཉམ་དུ་འགྲེམས་ཁང་ནང་བསྐྱོད་པས་བློ་སྒོ་འབྱེད་ཐུབ་པ་བྱུང་། ཁེ་ལས་ཀྱིས་འགྲེམས་སྟོན་ནང་ཞུགས་པའི་ཚོང་ཟོག་གྲས་སུ་ནས་ཆང་དང་། རང་བྱུང་དྭངས་གཙང་གཏེར་ཆུ། ནས་ཀྱི་རིམ་སྤེལ་ཐོན་རྫས། ཁ་ཆེ་ཤ་སྐམ་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྣ་ཚོགས་འདུག་པས་ཚོང་ཟོག་དེ་དག་ནི་རང་ལྗོངས་ཀྱི་ཡུལ་སྐོར་ཚོང་ཟོག་ཁྲོམ་རའི་ཐོན་རྫས་གལ་ཆེན་ཤ་སྟག་རེད།

    བོད་དུ་ཡུལ་སྐོར་ཡོང་ནས་ཁ་གྱེས་སྐབས་ས་མཐོའི་ཁྱད་ཆོས་ལྡན་པའི་ཡུལ་ཟོག་དང་དྲན་རྟེན་དངོས་རྫས་མང་ཉུང་ལ་མ་བལྟོས་པར་ཉོས་ཏེ་དྲན་རྟེན་དངོས་རྫས་སུ་བརྩིས་པའམ་ཡང་ན་རང་གི་གཉེན་གྲོགས་ལ་ལག་རྟགས་སུ་སྤྲོད་ཀྱི་ཡོད། ཡུལ་སྐོར་བ་ཚོས་བོད་ཀྱི་ཚོང་ཟོག་ལ་དགའ་ཞེན་དེ་འདྲ་བྱེད་དོན་ནི་ཚོང་ཟོག་དེ་དག་ལ་བོད་ཀྱི་ཁྱད་ཆོས་ལྡན་ཡོད་པ་སྨྱུག་འཛིན་པས་བཅར་འདྲི་ཞུ་བའི་བརྒྱུད་རིམ་ནང་གསལ་པོ་ཤེས་བྱུང་།

    དེའང་དང་ཐོག་ང་ཚོར་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ལྡན་ཡོད་པ་དང་། ཀུན་གྱིས་ཤེས་གསལ་ལྟར་ས་ཁུལ་གྱི་ཡུལ་སྐོར་དྲན་རྟེན་དངོས་རྫས་དེས་ས་ཁུལ་དེ་ག་དང་མཛེས་ལྗོངས་ཁུལ་གྱི་རིག་གནས་མཚོན་གྱི་ཡོད། རང་ལྗོངས་ལ་བོད་ཀྱི་རིག་གནས་གཙོ་བོར་བྱས་པའི་མི་རིགས་མང་པོའི་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་འཕྲོག་པ་དང་དེ་ནི་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་ཐུན་མིན་ཡིད་དབང་འཕྲོག་ཤུགས་ལྡན་པ་དང་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་བའི་རྒྱུ་མཚན་ཉག་ཅིག་དེ་རེད་ལ་ཡུལ་སྐོར་ཁྲོམ་ར་རྒྱུན་ཆད་མེད་པར་དར་རྒྱས་འགྲོ་བའི་རྒྱུ་རྐྱེན་དེའང་རེད། དེར་བརྟེན་རང་ལྗོངས་ཀྱི་ཡུལ་སྐོར་ཚོང་ཟོག་ཁྲོམ་ར་གོང་འཕེལ་གཏོང་བའི་བརྒྱུད་རིམ་ནང་ངེས་པར་དུ་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ལ་མཐོང་ཆེན་གྱིས་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ཐོག་ཡུལ་སྐོར་ལས་རིགས་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་བྱེད་དགོས།

    གཉིས་ནས་ཉེར་སྤྱོད་རང་བཞིན་དང་བདེ་འཇགས་རང་བཞིན་ནི་རང་ལྗོངས་ཀྱི་ཡུལ་སྐོར་ཚོང་ཟོག་གི་མིང་བྱང་གཞན་ཞིག་ཡིན། “གངས་ལྗོངས་ཀྱི་མུ་ཏིག”ཅེས་འབོད་པའི་བོད་སྨན་ནི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དང་རྒྱ་གར་གྱི་གསོ་རིག་དང་སྨན་རྫས་སོགས་ཀྱི་རིགས་གཞུང་བསྡུ་ལེན་དང་མཉམ་འདྲེས་བྱས་པའི་རྨང་གཞིའི་ཐོག་དུས་ཡུན་རིང་པོའི་ལག་ལེན་དངོས་ནང་ཆགས་པའི་ཐུན་མིན་ཁྱད་ཆོས་ལྡན་པའི་གསོ་རིག་དང་སྨན་རྫས་ཀྱི་མ་ལག་ཅིག་ཡིན་པ་དང་ད་ཆའི་བར་ལོ་ངོ་སྟོང་ཕྲག་ཡན་གྱི་ལོ་རྒྱུས་ལྡན་ཡོད། དེ་ནི་རང་རྒྱལ་གྱི་ཅུང་འཐུས་ཚང་དང་ཤུགས་རྐྱེན་ངེས་ཅན་ལྡན་པའི་མི་རིགས་ཀྱི་གསོ་རིག་སྨན་རྫས་ཀྱི་གྲས་ཤིག་ཡིན་པ་དང་ཕོ་བའི་ནད་དང་། མཁལ་མའི་ནད། ཆམ་ནད། གྲུམ་ནད། ཀླད་ཁྲག་འདྲེས་པའི་ནད་སོགས་ལ་ཕན་ནུས་ཆེན་པོ་ཡོད། བོད་ཀྱི་བྲོ་ཞིམ་བཟའ་བཅའ་དང་། ཁྱད་ལྡན་ཡུལ་ཟོག གནོད་མེད་དྭངས་གཙང་གཏེར་ཆུ། ནས་ཆང་། ཚགས་ཤ། བོད་ཕག བོད་བྱ། གྲོ་མོའི་ཤ་མོ། གམ་པའི་ལུག་སོགས་གངས་ལྗོངས་ས་མཐོ་ནས་ཐོན་པའི་བཟའ་བཅའི་ཐོན་རྫས་དེ་དག་ལ་ཡུལ་སྐོར་བ་ཚོས་ཧ་ཅང་དགའ་པོ་བྱེད་པ་དང་ཡུལ་སྐོར་དུ་ཡོང་སྐབས་ཉོ་རྒྱུའི་ཚོང་ཟོག་གཙོ་བོར་བརྩི་གི་ཡོད།

    གོང་གསལ་དེ་དག་ཕུད། རང་ལྗོངས་སུ་ད་དུང་ཡུལ་སྐོར་ཚོང་ཟོག་མང་པོ་ཞིག་ལ་རིག་གནས་རང་བཞིན་དང་། དྲན་གསོའི་རང་བཞིན། ཉེར་སྤྱོད་རང་བཞིན་བཅས་ལྡན་ཡོད་པ་དང་ཚོང་ཟོག་དེ་དག་གིས་རང་ལྗོངས་ཀྱི་ཡུལ་སྐོར་ཚོང་ཟོག་ཁྲོམ་རའི་རིན་ཐང་མངོན་ཐུབ་པ་མ་ཟད། ད་དུང་རང་ལྗོངས་ཀྱི་ཡུལ་སྐོར་རིག་གནས་ཀྱི་མིང་བྱང་གསར་པ་ཞིག་འགྱུར་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།