དབུ་ཤོག>གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་འགྲམ་ཚོང་གྲོང་དངོས་སུ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-28

    ཚེས་25ཉིན་གྱི་ཕྱི་དྲོ་གཞིས་རྩེ་གྲོང་ཁྱེར་ཇོ་མ་གླང་མ་སྟོན་ཚོགས་ལྟེ་གནས་སུ་ཡོད་པའི་འགྲམ་ཚོང་གྲོང་དངོས་སུ་སྒོ་ཕྱེ་བ་རེད།

    ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་ཚོང་འགོ་འཛུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་འགྲམ་ཚོང་གྲོང་དངོས་སུ་སྒོ་ཕྱེ་བའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་ཐབས་སྣ་ཚོགས་སྤྱད་དེ་འགྲམ་གྱི་གནས་སྤོས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཇུས་འགོད་ཞིབ་ཚགས་བྱས་ཏེ་ཇོ་མོ་གླང་མ་སྟོན་ཚོགས་ལྟེ་གནས་ཀྱི་ཐོག་སོ་གཉིས་པར་ཆེད་མངགས་ཚོང་ཁང་ཁག་གཅིག་བཀོད་སྒྲིག་བྱས་ཡོད་པ་རེད། འགྲམ་གྲོང་རྡལ་གྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལས་ཞུགས་ཐད་ཀྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཡིན་པ་དང་རྒྱ་ཆེའི་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱས་པའི་འགྲམ་ཚོང་གྲོང་དངོས་སུ་སྒོ་ཕྱེ་བ་རེད། ད་རེས་དངོས་སུ་སྒོ་ཕྱེ་བའི་ཚོང་དུད་ཁྱོན་90ཡོད་པ་དག་གིས་སྔར་རྒྱུན་བཞིན་ནེ་པ་ལའི་ཚོང་ཟོག་བྲིན་ཚོང་བྱེད་ཀྱི་ཡོད། ཚོང་ཁང་སྒོ་ཕྱེ་བ་དང་ཆབས་ཅིག་ཕྱི་ནས་གདན་དྲངས་པའི་ཚོང་དུད་ཀྱིས་ཐུན་མོང་ཐོག་དུས་ཡུན་ཟླ་བ་གཅིག་གི་ཚོང་དུད་འགྲེམས་ཚོང་བྱེད་སྒོ་སྤེལ་རྒྱུ་རེད། མིག་སྔར་གཞིས་རྩེ་གྲོང་ཁྱེར་བཟོ་ལས་གླིང་ཁུལ་གྱི་གནས་སྐབས་བཀོད་སྒྲིག་ཁུལ་དུ་ད་དུང་ཚོང་དོན་ལ་ཞུགས་འདོད་ཡོད་པའི་གནོད་འཚེ་ཕོག་པའི་མི་གྲངས་བསྡོམས་རྩིས་རྒྱག་བཞིན་ཡོད་པ་དང་འབྲེལ་སྟོན་ཚོགས་ལྟེ་གནས་ཀྱི་ཐོག་སོ་གཉིས་པའི་ལྷོ་ངོས་སུ་སླར་ཡང་ཚོང་ཁང་ཁག་གཅིག་བཀོད་སྒྲིག་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་རང་སྐྱོབ་དགོས་མཁོ་བསྐང་རྒྱུ་རེད། འགྲམ་ཚོང་གྲོང་དངོས་སུ་སྒོ་ཕྱེ་བ་དེ་ལས་འགྲམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཐོན་སྐྱེད་རང་སྐྱོབ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱ་རྒྱུར་གོ་སྐབས་ཡག་པོ་ཞིག་བྱུང་ཡོད། གཞན་ཡང་མིག་སྔའི་བར་གཞིས་རྩེ་གྲོང་ཁྱེར་དང་གྲོང་ཁྱེར་སྲིད་གཞུང་གིས་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་རང་སྐྱོབ་དང་ལས་ཞུགས་གསོ་སྦྱོང་གི་བྱེད་སྒོ་སྤེལ་ནས་མི་254ལ་ཁ་ལོ་བའི་ལག་རྩལ་སློབ་ཁྲིད་དང་། ལས་གནས་900ལྷག་ཙམ་མཁོ་འདོན་བྱས་པས། མི་574ལས་ཀ་རག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།