དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-28

    གསར་འགོད་པར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་ལས་ཞུགས་ལས་གཏོད་བྱ་རྒྱུར་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་ཆེད་ཉེ་ཆར་རང་ལྗོངས་ཀྱིས《2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཧུར་ཐག་ངང་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ་བསྡུས་མིང་ལ《བསམ་འཆར》ཞེས་བརྗོད་རྒྱུ)བཏོན་པ་དང《བསམ་འཆར》ནང་ལས་གཏོད་ལས་གནས་གསར་འབྱེད་ཤུགས་ཆེན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་ཁ་གསལ་བཏོན་པ་རེད།

    གསར་འགོད་པར་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར་ད་ཐེངས་བཏོན་པའི《བསམ་འཆར》ནང་དེ་སྔ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་ཕུད་འདི་ལོ་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ལམ་གྲོན་ཁ་གསབ་དང་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་བ་དང་དུས་མཚུངས་ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་ཁྲལ་དངུལ་ཆག་ཡང་དང་རྩ་ཆག་གཏོང་ཚད་མཐོ་རུ་བཏང་བ་རེད།

    《བསམ་འཆར》ནང་ལྗོངས་ཕྱིར་ལས་ཞུགས་བྱེད་པ་དང་འབྲེལ་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའམ་ཡང་ན་གདན་ཞུས་སྐུལ་སྤྱོད་གྲོས་མཐུན་བཞག་པའི་མཐོ་སློབ་སློབ་ཐོན་སློབ་མར་ཆ་མཚོན་ན་རང་ལྗོངས་ཀྱིས་ཐེངས་གཅིག་རང་བཞིན་གྱི་ལམ་གྲོན་ཁ་གསབ་སྒོར་1500སྤྲོད་རྒྱུ་ཡིན་པ་དེ་དེ་གོང་གི་ཁ་གསབ་ཚད་གཞི་ལས་སྒོར་500འཕར་ཡོད། རིགས་ཁག་གི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་སོགས་རྩ་འཛུགས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པ་དང་འབྲེལ་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའམ་ཡང་ན་གྲོས་མཐུན་བཞག་པར་དངོས་ཡོད་ཀྱི་ལས་ཞུགས་མི་གྲངས་ལ་གཞིགས་ཏེ་མི་རེར་སྒོར་500ཡི་ཚད་གཞི་ལྟར་ལས་ཞུགས་ཞབས་ཞུའི་སྒྲིག་གཞིར་ཐེངས་གཅིག་རང་བཞིན་གྱི་ལས་རིགས་འོས་སྦྱོར་ཁ་གསབ་སྤྲོད་རྒྱུ་དང་། ལྗོངས་ཕྱིར་ལས་ཞུགས་བྱེད་པ་དང་འབྲེལ་ལོ་3ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའམ་ཡང་ན་གདན་ཞུས་སྐུལ་སྤྱོད་གྲོས་མཐུན་བཞག་མཁན་ལ་མི་རེར་སྒོར་500ཡི་ཚད་གཞི་ལྟར་ལོ་གཅིག་གི་འཚོ་བའི་ཁ་གསབ་སྤྲོད་རྒྱུ་རེད། ཆ་རྐྱེན་འཛོམས་པའི་མཐོ་སློབ་སློབ་ཐོན་སློབ་མས་ཁེར་རྐྱང་གཉེར་སྐྱོང་བྱེད་པར་ཆ་མཚོན་ན་འདི་ལོ་ནས་བཟུང་ལོ་རེར་ཆག་ཡང་དང་རྩ་ཆག་བཏང་བའི་ཁྲལ་དངུལ་སྒོར་9600ལོངས་སྤྱོད་ཆོག་པ་དང་དེ་གོང་ཁྲལ་དངུལ་ཆག་ཡང་དང་རྩ་ཆག་སྒོར་8000(རྒྱལ་ཁབ་ཀྱི་ཚད་གཞི)ལས་ལོངས་སྤྱོད་བྱ་རྒྱུ་མེད་པ་རེད།

    གཞན་ཡང་རང་ལྗོངས་ཀྱི་ཚོང་དོན་ཁེ་ལས་དང་། ཞབས་ཞུ་རྣམ་པའི་ཁེ་ལས། ངལ་རྩོལ་ལས་ཞུགས་ཞབས་ཞུའི་ཁེ་ལས་བཅས་ནང་གི་ལས་སྣོན་རྣམ་པའི་ཁེ་ལས་དང་ཁྲོམ་གཞུང་སྡེ་ཁུལ་གྱི་ལས་སྣོན་རང་བཞིན་ལྡན་པའི་ཁེ་ལས་དངོས་གཞི་ཆུང་གྲས་ཀྱིས་གསར་དུ་བཀོད་སྒྲིག་བྱས་པའི་ལས་གནས་ཁྲོད་ལོ་དེ་རང་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིར་ལས་ཤོར་ལོ་གཅིག་ཡན་གྱི་ཐོ་འགོད་བྱས་པ་དང《ལས་ཞུགས་ལས་གཏོད་ལག་འཁྱེར》ཡོད་པའི་མི་སྣ་གསར་དུ་ལས་ཀར་བཅུག་སྟེ་དེ་དང་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་ཁྲིམས་ལྟར་སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་འཇལ་བ་དང་ལོ་3ནང་དངོས་སུ་ལས་ཀར་བཅུག་པའི་མི་གྲངས་ལ་སྒོར་5200(རྒྱལ་ཁབ་ཀྱི་ཚད་གཞིའི་སྒོར་4000ཐོག་30%མཐོ་རུ་བཏང་བ)བཅད་གྲངས་སུ་བྱས་ནས་དེས་ལོ་དེ་རང་ལ་དངོས་སུ་འཇལ་བའི་གཉེར་སྐྱོང་དཔྱ་ཁྲལ་དང་། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་ཟུར་བསྣན། ས་གནས་ཀྱི་སློབ་གསོའི་ཟུར་བསྣན། ཁེ་ལས་ཀྱི་ཐོབ་ཁྲལ་བཅས་རིམ་བཞིན་འཐེན་འཕྲི་བྱེད་ཀྱི་ཡོད། ཁྲལ་འཇལ་མཁན་གྱི་ལོ་འཁོར་གྱི་འཇལ་དགོས་ངེས་ཀྱི་ཁྲལ་དངུལ་དེ་གོང་གསལ་གྱི་འཐེན་འཕྲི་བྱེད་པའི་བཅད་གྲངས་ལས་ཉུང་བ་ཡོད་ཚེ་དེས་དངོས་སུ་འཇལ་བའི་ཁྲལ་དངུལ་བཅད་གྲངས་སུ་བྱེད་པ་དང་། གོང་གསལ་གྱི་འཐེན་འཕྲི་བྱེད་པའི་བཅད་གྲངས་ལས་མང་བ་ཡོད་ཚེ་གོང་གསལ་གྱི་འཐེན་འཕྲིའི་བཅད་གྲངས་དེ་བཅད་གྲངས་སུ་བྱ་རྒྱུ་རེད།

    གཞི་རིམ་དུ་ལས་ཞུགས་དང་ལས་གཏོད་བྱེད་པའི་ཐད་མཐོ་སློབ་སློབ་ཐོན་སློབ་མས་དཀའ་ཚེགས་ཆེ་བའི་མཐའ་མཚམས་ཐག་རིང་ས་ཁུལ་གྱི་རྫོང་མན་གྱི་གཞི་རིམ་ཚན་པར་ལས་ཞུགས་བྱེད་པར་བསྐྱོད་མཁན་ལ་ཆ་མཚོན་ན་སློབ་ཡོན་ཁ་གསབ་དང་སློབ་རོགས་དངུལ་བུན་ཚབ་སྤྲོད་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་པ་ཕུད་དཀའ་ཚེགས་ཆེ་བའི་མཐའ་མཚམས་ཐག་རིང་ས་ཁུལ་གྱི་རྫོང་མན་གྱི་གཞི་རིམ་ཁེ་ལས་དང་བྱ་གཞག་ཚན་པར་ཆེད་ལས་ལག་རྩལ་ལས་ཀ་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མས་དེ་མཚུངས་ཀྱི་ལས་གནས་ཐོབ་ཐང་རེ་ཞུ་བྱེད་སྐབས་རྒྱུགས་སྤྲོད་མིང་འགོད་དང་རྒྱུགས་སྤྲོད་མི་དགོས་པའི་ཆ་རྐྱེན་ལྷུག་ཏུ་གཏོང་རྒྱུ་རེད།

    རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་ཁུར་བས“གཞུང་ལས་པ་རྒྱུགས་སྤྲོད་ཀྱིས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་འདྲེན་འགུག་བྱེད་པའི་གཙོ་གཟུགས་ནུས་པ་འདོན་སྤེལ་བྱེད་པ་ཕུད་ང་ཚོས‘རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག’དང་ནུབ་རྒྱུད་དང་བླངས་པའི་འཆར་གཞི་མུ་མཐུད་སྤྱི་འདོམས་ལག་བསྟར་བྱས་ཐོག་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ནས‘རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག’དང་ནུབ་རྒྱུད་དང་བླངས་པའི་འཆར་གཞི་ལས་གནས་ཐོག་ཞབས་ཞུ་ལོ་3བྱས་པའི་མཐོ་སློབ་སློབ་ཐོན་སློབ་མ་སྔོན་ལ་ཁོངས་མི་ངོ་མར་བསྒྱུར་རྒྱུ་ཡིན”ཞེས་དང“ང་ཚོས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་ལས་ཁྱད་ཆོས་དང་འཚམ་པའི་གཞི་རིམ་གྱི་དམིགས་འཛུགས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ནུས་པ་གང་ཡོད་འདོན་ཐུབ་པ་བྱ་རྒྱུ་ཡིན། གཞི་རིམ་གྱི་དམིགས་འཛུགས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཞུགས་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཕུད་མི་རེར་ཟླ་རེར་རིགས་གཉིས་པའི་ཁུལ་ལ་སྒོར་400དང་། རིགས་གསུམ་པའི་ཁུལ་ལ་སྒོར་500 རིགས་བཞི་པའི་ཁུལ་ལ་སྒོར་600བཅས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་གཞན་ཡང་ང་ཚོས་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བས་དམག་མིའི་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རིགས་ཁག་གི་ཁེ་ལས་ཀྱིས་ལས་ཞུགས་འདྲེན་འགུག་བྱ་རྒྱུར་སྐུལ་མ་གཏོང་བའི་ཐད《བསམ་འཆར》ནང་སྔར་ཡོད་ཀྱི་གཟིགས་སྐྱོང་རོགས་སྐྱོར་སྲིད་ཇུས་སོར་འཇོག་བྱས་ཡོད། ལྗོངས་ནང་ཁུལ་གྱི་རིགས་ཁག་གི་ཁེ་ལས་དང་གཏོང་ཡོང་རང་འཁུར་བྱ་གཞག་ཚན་པས་རྒྱལ་ཁབ་ཀྱི་འཆར་གཞིའི་ནང་བསྡུས་པའི་ཐེམ་ཁུངས་རང་ལྗོངས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་རིམ་བཞིན་དང་འབྲེལ་དེ་དང་ངལ་རྩལ་གན་རྒྱ་བཞག་པའམ་ཡང་ན་གདན་ཞུས་སྐུལ་སྤྱོད་གྲོས་མཐུན་བཞག་ཚེ་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་མི་སྤྱོད་ཚན་པར་གྲངས་ཚད་ངེས་ཅན་གྱི་བྱ་དགའི་དངུལ་སྤྲོད་པ་དང་ཚད་གཞི་ནི་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པའི་དབར་ངལ་རྩོལ་གན་རྒྱའམ་ཡང་ན་གདན་ཞུས་སྐུལ་སྤྱོད་གྲོས་མཐུན་ལོ་2བཞག་པར་བྱ་དགའི་དངུལ་སྒོར་5000སྤྲོད་པ་དང་། གན་རྒྱའམ་ཡང་ན་གདན་ཞུས་སྐུལ་སྤྱོད་གྲོས་མཐུན་ལོ་3བཞག་པར་བྱ་དགའི་དངུལ་སྒོར་12000སྤྲོད་པ། གན་རྒྱའམ་ཡང་ན་གདན་ཞུས་སྐུལ་སྤྱོད་གྲོས་མཐུན་ལོ་5ཡན་བཞག་པར་བྱ་དགའི་དངུལ་སྒོར་20000སྤྲོད་པ་བཅས་རེད། ཁེ་ལས་འབྲིང་ཆུང་དང་སྤྱི་དབང་མིན་པའི་ཁེ་ལས་ཀྱིས་ཐེམ་ཁུངས་རང་ལྗོངས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་པར་ངལ་རྩོལ་གན་རྒྱ་དང་གྲོས་མཐུན་དུས་ཚད་ལ་གཞིགས་ཏེ་30%ནས་50%བར་གྱི་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་རྒྱུ་དང་ལས་ཚོད་ལྟ་བའི་དུས་ཡུན་ནང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་མཁན་ལ་རིམ་མཚུངས་ནོར་སྲིད་སྡེ་ཚན་གྱིས་མི་རེར་སྒོར་1000ལ་གཞིགས་ནས་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲོད་རྒྱུ་རེད།

    185585_yis_1435212784914_s.jpg

    སྒྲོལ་མས་ཚོང་ཤག་ལ་རང་གིས་ཇུས་འགོད་བྱས་པའི་སེང་རས་སྐེ་དཀྲིས་འོས་སྦྱོར་བྱེད་བཞིན་པ།

    185586_yis_1435212785054_s.jpg

    ཚེ་རིང་བཀྲ་ཤིས་ཀྱིས་རང་གི“སྨི་ལན”གྱོན་ཆས་ཚོང་ཁང་ནང་གྱོན་ཆས་སྒྲིག་གཤོམ་བྱེད་བཞིན་པ།

    རང་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་སློབ་མར་ལས་གཏོད་རྒྱབ་སྐྱོར་བྱ་ཤུགས་རྒྱུན་མི་ཆད་པར་ཆེ་རུ་བཏང་བའི་དབང་གིས་ལོ་ཤས་ནང་སློབ་ཆེན་སློབ་ཐོན་སློབ་མ་ལས་གཏོད་ལམ་ལ་ཞུགས་པའི་ནང་སློབ་མ་ཚེ་རིང་བཀྲ་ཤིས་དང་སྒྲོལ་མ་འདྲ་བ་མང་པོ་ཐོན་ཡོད།

    ཚེ་རིང་བཀྲ་ཤིས་2012ལོར་སློབ་ཆེན་ཐོན་རྗེས་ལྷ་སར་སྨི་ལན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་ཇུས་འགོད་བྱེད་ཀྱི་ཡོད། ད་ཆ་ལྷ་ས་དང་། གཞིས་རྩེ། ནག་ཆུ་བཅས་གསུམ་ལ་ཡན་ལག་ཚོང་ཁང་བཙུགས་པའི་ནང་ལྷ་སའི་ཚོང་ཁང་གཅིག་པུ་ནས་ཁེ་སྤོགས་སྒོར་ཁྲི་30ཡོང་བ་དང་། སྒྲོལ་མ་སློབ་ཆེན་ཐོན་རྗེས“འཇམ་དཔལ”ཞེས་པའི་གྱོན་ཆས་བཟོས་པར་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་ཡོད་ཅིང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།