དབུ་ཤོག>གསར་འགྱུར།
  • ཆུ་གསུམ་རྫོང་གིས“ལྗང་མདོག་སྤུས་ཀ”མཐོ་རུ་བཏང་ནས་སྣོད་བཅུད་དཔལ་འབྱོར་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-26

    ཉེ་བའི་ལོ་ཤས་རིང་ཆུ་གསུམ་རྫོང་གིས་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་མངོན་གསལ་དོད་དུ་བཏང་ནས་བཀག་སྡོམ་དང་། ནགས་གསོ། དོ་དམ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འདམ་ར་སྲུང་སྐྱོང་མ་ལག་འཛུགས་སྐྲུན་དང་། རོང་སའི་ནགས་ཚལ་འཛུགས་སྐྱོང་། གཙོ་གནད་ས་ཁོངས་སུ་ནགས་གསོ་བཅས་གཙོ་གནད་དུ་བྱས་ནས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ནགས་ཚལ་ཁྱབ་ཚད་སྔར་བས་ཆེ་རུ་བཏང་ནས་སྣོད་བཅུད་དཔལ་འབྱོར་བཏོད་ཡོད་པ་རེད་།

    ངོ་སྤྲོད་བྱས་པར་གཞིགས་ན། ཆུ་གསུམ་རྫོང་གིས་རྫོང་དཔོན་གྱིས་ཙུའུ་ཀྲང་བྱས་པ་དང་། ཁག་བགོས་རྫོང་དཔོན་གཞོན་པས་ཙུའུ་ཀྲང་གཞོན་པ་བྱས་པ། ཁོར་ཡུག་སྲུང་སྐྱོང་ཅུས་དང་ནགས་ལས་ཅུས་སོགས་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་གི་ཡིག་ཐོག་སྙན་ཞུ་འབུལ་བའི་ལས་དོན་འགོ་ཁྲི་ཚོགས་ཆུང་བཙུགས་ནས་འདམ་རའི་རང་བྱུང་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལག་བསྟར་ཤུགས་ཆེན་བྱས་ཡོད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་441.8བཏང་ནས་རྫོང་གྲོང་མཐའ་འཁོར་གྱི་འདམ་ར་སྲུང་སྐྱོང་བྱས་པ་དེའི་ནང་2014ལོར་མ་དངུལ་སྒོར་ཁྲི་187བཏང་ནས་ཤག་ལྷོ་འདམ་རའི་དུས་ཐེངས་གཉིས་པའི་ལས་གྲྭ་འཛུགས་སྐྲུན་བྱས་པ་དང་། སྤྱི་ལེ་2.3ཟིན་པའི་ལས་དྲའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་འདམ་རའི་ངོ་བོ་དང་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ཡོད། རིམ་པ་དེ་གའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་65བཏང་ནས་ཤག་ལྷོ་འདམ་ར་ཁུལ་དང་། ཆུ་མདོ་འདམ་ར་ཁུལ། ཤག་བྱང་འདམ་ར་ཁུལ་བཅས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་བཟོས་པ། རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་ཡིག་ཐོག་སྙན་ཞུ་ཧུར་ཐག་ཕུལ་ནས་ཆུ་གསུམ་རྫོང་གི་འདམ་ར་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྤུས་ཀ་མཐོ་རུ་ཏན་ཏིག་བཏང་བ་དང་ཆུ་གསུམ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་ཡོད། མིག་སྔར་དུས་འགོའི་ལས་དོན་ཁག་ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

    ཆུ་གསུམ་རྫོང་གིས་ད་དུང་ཆུ་གསུམ་རོང་སའི་ནགས་ཚལ་གྱི་ལོ་8ཀྱི་འཆར་འགོད་ཀྱི་སྤྱིའི་ཇུས་གཞི་བཟོས་པ་དང་ཞིང་ཆེན་ལམ་306ཤག་བྱང་ནས་ཟངས་རི་དུམ་བུའི་གཞུང་ལམ་རྒྱུད་གཉིས་གཏན་འཁེལ་བྱས་ནས་ནགས་གསོ་སྔོ་འགྱུར་གྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཡོད། ཡུལ་བབ་དང་བསྟུན་པ་དང་ས་བབ་དང་མཐུན་པའི་ཤིང་འཛུགས་རྩ་དོན་མཐའ་འཁྱོངས་ཀྱིས་ཆུ་གསུམ་རྫོང་གི་གནམ་གཤིས་ཆ་རྐྱེན་དང་། ས་བབ་མཐོ་ཚད། ས་རྒྱུའི་གནས་ཚུལ་བཅས་ལ་གཞིགས་ནས་གྲང་ངར་ཐེག་ཐུབ་པ་དང་ཐན་པ་འགོག་ཐུབ་པའི་ཤིང་སྣ་བདམས་ནས་འདེབས་འཛུགས་བྱས་པ། མཛེས་ལྗོངས་ལྟ་ན་སྡུག་པ་དང་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་བླང་བྱ་ལྟར་སྡོང་རིང་ལྗོན་ཤིང་དང་སྡོང་ཕྲན་ལྗོན་ཤིང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྡེབ་སྒྲིག་འོས་འཚམ་བྱས་ནས་ཤིང་སྣ་བཏབ་པ། དེ་དང་ཆབས་ཅིག་རོང་སའི་ནགས་ཚལ་རྣམ་གྲངས་ཁུལ་ཧྲིལ་པོ་ས་ཁོངས་མི་འདྲ་བར་ཕྱེ་ནས་ས་བབ་དམའ་སར་ཤིང་སྔོན་ལ་བཏབ་ནས་སྡོང་ཕྲུག་གསོན་ཚད་དང་རྣམ་གྲངས་ཀྱི་སྣོད་བཅུད་ཕན་འབྲས་སྔར་བས་ཆེ་རུ་བཏང་ཡོད། མིག་སྔར་རིམ་པ་དེ་གའི་ནོར་སྲིད་ཀྱིས་རིམ་རྩིབ་བརྒྱབ་ན་མ་དངུལ་སྒོར་ཁྲི་163.73བཏང་ནས་སྤྱི་ལེ་30ལྷག་ཙམ་དང་མུའུ་561.5ཡི་སར་ནགས་གསོ་སྔོ་འགྱུར་བྱས་ཡོད། ཆེད་མི་བཀོད་སྒྲིག་བྱས་ནས་ནགས་གསོ་ཁུལ་དུ་དོ་དམ་དང་སྲུང་སྐྱོང་བྱས་ཏེ་དུས་བཀག་ལྟར་ཆུ་རྒྱག་པ་དང་། དུས་བཅད་ལྟར་ཡལ་བཞུར་རྒྱག་པ། གནོད་འབུ་འགོག་བཅོས་བཅས་བྱས་ནས་སྡོང་ཕྲུག་གསོན་ཚད་95%ཡན་ལོན་པའི་འགན་ལེན་བྱས་པ། སྡོང་ཕྲུག་མ་གསོན་པ་རྣམས་གསབ་འཛུགས་བྱས་ཏེ་རོང་སའི་ནགས་ཚལ་འདུ་འགོད་ལ་སྣོད་བཅུད་ཀྱི་ཕན་འབྲས་ནུས་ལྡན་འདོན་སྤེལ་ཐུབ་རྒྱུའི་འགན་ལེན་བྱས་ཡོད།

    2007ལོ་ནས་བཟུང་ཆུ་གསུམ་རྫོང་གིས་གཙོ་གནད་ས་ཁོངས་ཀྱི་འདུ་འགོད་ནགས་གསོ་དང་རི་རྒྱ་བསྡམས་ནས་ནགས་གསོ་བྱེད་པ་སོགས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ་འོས་འགན་ཤིང་འཛུགས་བྱེད་སྒོ་རྒྱུན་འཁྱོངས་ཀྱིས་མུའུ་ཁྲི་4.8ལྷག་ཙམ་ལ་ཤིང་འཛུགས་ནགས་གསོ་བྱས་པ་དང་། མུའུ་ཁྲི་6ལྷག་ཙམ་ལ་རི་རྒྱ་བསྡམས་ནས་ནགས་ཚལ་གསོ་བ། མུའུ་ཁྲི་0.6ལྷག་ཙམ་གྱི་ཕན་འབྲས་ཆུང་བའི་ནགས་ཚལ་སྒྱུར་བཀོད་བྱས་པ། ཞིང་སྲུང་ནགས་ཚལ་ཤིང་རྐང་ཁྲི་32བཏབ་ནས་རྫོང་དེ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་རྣམ་པ་ལེགས་སུ་བཏང་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱེད་པ་དང་། རིམ་པ་དེ་གའི་ནོར་སྲིད་ཀྱི་ལེ་ལག་ཚང་བའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མང་པོའི་མ་དངུལ་བསྡུ་སྒྲིལ་བྱས་ནས་ནགས་ལས་སྣོད་བཅུད་འཛུགས་སྐྱོང་ཐད་ཀྱི་གཏོང་ཆ་འགན་ལེན་བྱས་ཡོད། ལོ་8ཙམ་རིང་རྫོང་དེ་ཡོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ནས་ནགས་ལས་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་འགོ་བཙུགས་པས་ནགས་ལས་ལས་དོན་རྒྱུན་གཏན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་འགན་ལེན་ནུས་ལྡན་ཐུབ་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནགས་ལས་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་རྣམ་གྲངས་དང་འོས་འགན་ཤིང་འཛུགས་ལག་བསྟར་བྱེད་རིང་ཞིང་འབྲོག་མང་ཚོགས་ཚོར་ངལ་རྩོལ་དངུལ་ལ་ཕབ་པའི་རྣམ་པའི་ཐོག་ནས་ཧུར་ཐག་ཞུགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་དེ་དག་ལ་ལས་ཐེབས་ཆག་པའི་ཁ་གསབ་སྤྲད་པ་དང་། ས་གནས་དེ་གའི་མང་ཚོགས་ནགས་སྲུང་པ་གདན་དྲངས་ནས་ས་ཁོངས་ཁག་གི་ནགས་ཚལ་དོ་དམ་དང་སྲུང་སྐྱོང་བྱས་པ། ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་དང་། རྨོ་བསྐྱུར་ནགས་གསོའི་ཁ་གསབ་སོགས་སྲིད་ཇུས་ཀྱི་མ་དངུལ་དུས་ཐོག་ཏུ་སྤྲད་ནས་ཐབས་ལམ་མང་པོ་དང་ཕྱོགས་མང་པོའི་སྒོ་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་མ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།