དབུ་ཤོག>གསར་འགྱུར།
  • ཞབས་ཞུ་ལེགས་སུ་གཏོང་བར་ངེས་པར་དུ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

  •     རྩོམ་པ་པོ།  ལིའུ་ཡུས་ཅིང་གིས།   |     སྤེལ་དུས།  2015-06-24

    ཞིང་འབྲོག་ལས་ནི་རང་ལྗོངས་ཀྱི་དཔལ་འབྱོར་གྱི་རྨང་གཞིའི་ཐོན་ལས་ཡིན་པས་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་ཡོད། དངུལ་རྩས་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་མིན་དེ་བོད་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད། དེར་བརྟེན་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་དངུལ་རྩ་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱེད་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ལེ་ལག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ། ཕྱོགས་ཡོངས་ལ་ཁྱབ་པའི་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་འགན་ལེན་མ་ལག་བསྐྲུན་དགོས།

    སྨྱུག་འཛིན་པས“ཞིང་གསུམ”དངུལ་རྩའི་ཞབས་ཞུའི་ལེ་ལག་ལམ་སྲོལ་འཐུས་ཚང་དུ་གཏོང་བར་གཙོ་བོ་གཤམ་གྱི་ཕྱོགས་ཁ་ཤས་ནས་བསམ་བློ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་སྟེ།

    གཅིག་ནས་ཞིང་འབྲོག་ལས་ཀྱི་འགན་བཅོལ་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས་ཤིང་། འགན་བཅོལ་སྒྲིག་གཞིས་ཞིང་འབྲོག་ཁུལ་དུ་ཡན་ལག་སྒྲིག་གཞི་དང་ཚབ་གཉེར་ས་ཚིགས་འཛུགས་པའམ་ཡང་ན་རྫོང་གྲོང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་ཞིང་འབྲོག་ལས་ཀྱི་འགན་བཅོལ་ལས་སྒོ་སྒྲུབ་དུ་འཇུག་རྒྱུའི་སྐུལ་མ་བཏང་ནས་ཞིང་འབྲེལ་འགན་བཅོལ་ལས་སྒོ་རྒྱ་ཆེར་གཏོང་བ་དང་ཞིང་འབྲོག་ལས་ཀྱི་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་དགོས་པ་དང་། འགན་བཅོལ་ནང་ཞུགས་པའི་ཞིང་འབྲོག་དུད་ཚང་ལ་འགན་བཅོལ་དངུལ་ཁ་གསབ་དང་ཞིང་འབྲོག་ལས་འགན་བཅོལ་ལས་སྒོ་གཉེར་མཁན་སྒྲིག་གཞིར་ཁ་གསབ་རྒྱག་དགོས་པ། ཞིང་འབྲོག་ལས་ཀྱི་འགན་བཅོལ་དེ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་སྲིད་ཇུས་རང་བཞིན་གྱི་འགན་བཅོལ་གཙོ་ཁྲིད་བྱེད་པ་དང་ཚོང་ལས་རང་བཞིན་གྱི་འགན་བཅོལ་གཞོགས་འདེགས་སུ་བྱེད་པའི་ཞིང་འབྲོག་ལས་ཀྱི་འགན་བཅོལ་མ་ལག་ཅིག་རིམ་བཞིན་ཆགས་པ་བྱེད་དགོས་པ་དང་།

    གཉིས་ནས་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་དངུལ་བུན་ཁག་ཐེག་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ཤིང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་སྣ་ཚོགས་ཐུན་མོང་ཐོག་ཞུགས་པའི་ཞིང་འབྲོག་ཁུལ་གྱི་ཁག་ཐེག་མ་ལག་འཛུགས་སྐྱོང་འཕེལ་རྒྱས་མགྱོགས་པོ་གཏོང་དགོས་པ་དང་། སྲིད་གཞུང་གིས་སྣེ་ཁྲིད་ནས་བཙུགས་པའི་ཞིང་འབྲོག་ཁུལ་གྱི་ཁག་ཐེག་སྒྲིག་གཞིས་ཞིང་འབྲོག་ཁུལ་དུ་ཁག་ཐེག་སྒྲིག་གཞི་འཛུགས་པའི་ཆ་རྐྱེན་འོས་འཚམ་ངང་དམའ་རུ་གཏོང་དགོས་པ། ཁྲལ་བསྡུ་དང་ནོར་སྲིད་སོགས་ཀྱི་འདེགས་སྐྱོར་སྲིད་ཇུས་བརྒྱུད་དེ་དམངས་ཁྲོད་ཀྱི་མ་རྩ་ཁག་ཐེག་ཁྱབ་ཁོངས་སུ་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས“ཞིང་གསུམ”དངུལ་བུན་ལ་ཁག་ཐེག་བྱེད་དགོས་པ། ཞིང་འབྲོག་ཁུལ་གྱི་དངུལ་བུན་ཁག་ཐེག་ཉེན་ཁའི་ཁ་གསབ་ལམ་སྲོལ་བཙུགས་ཏེ་ཁག་ཐེག་སྒྲིག་གཞིས“ཞིང་གསུམ”དངུལ་བུན་ལ་ཁག་ཐེག་བྱས་ནས་ཐོན་པའི་ཉེན་ཁར་ཁ་གསབ་བྱེད་དགོས་པ།

    གསུམ་ནས་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཤིང་། ཞིང་འབྲོག་ཁུལ་གྱི་ཡིད་རྟོན་ཁོར་ཡུག་ཡག་པོ་དེ་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ནང་མེད་དུ་མི་རུང་བའི་ནང་དོན་གལ་ཆེན་ཞིག་ཡིན་པས་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་བཏང་ནས་ཞིང་འབྲོག་དུད་ཚང་དང་ཁེ་ལས་ཀྱི་གཏའ་འཇོག་སོགས་ཡིད་རྟོན་དངུལ་བུན་གྱི་ཆ་འཕྲིན་དུས་ཐོག་ཏུ་ཡིད་རྟོན་གྱི་མ་ལག་ནང་བཅུག་སྟེ་ཞིང་འབྲོག་དུད་ཚང་གི་གྲངས་གཞིའི་མཛོད་ཆ་ཚང་ཞིག་བཟོ་དགོས་པ།

    བཞི་ནས་ནོར་སྲིད་ཁྲལ་བསྡུའི་སྲིད་ཇུས་ཀྱི་རོགས་སྐྱོར་གྱི་ལམ་ལུགས་འཛུགས་དགོས་ཤིང་། ནོར་སྲིད་དང་ཁྲལ་བསྡུའི་སྲིད་ཇུས་ཀྱི་ནུས་པ་ཕྱོགས་བསྡུས་ཐོག་འདོན་སྤེལ་ཡག་པོ་བྱས་ནས་རྫོང་གྲོང་གི་དངུལ་རྩའི་སྒྲིག་གཞིས“ཞིང་གསུམ”ཡིད་རྟོན་དངུལ་བུན་གཏོང་མང་དུ་གཏོང་རྒྱུར་ནོར་སྲིད་དང་ཁྲལ་བསྡུའི་ཁ་གསབ་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་པ་དང“ཞིང་གསུམ”འཕེལ་རྒྱས་དང་ཞིང་འབྲེལ་དངུལ་བུན་གྱི་བསྡུར་གྲངས་ཅུང་མཐོ་བའི་རྫོང་གྲོང་གི་དངུལ་རྩའི་སྒྲིག་གཞིར་ཁྲལ་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།