ཟླ་6ཚེས་16ཉིན་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་རྡོ་ཐ་ཆེད་ཚོང་གཉེར་སྐྱོང་གི་དོགས་པ་ཡོད་པའི་ལི་ལི་དང་ཀྲང་ཧུང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁོ་པ་གཉིས་ནི་རང་ལྗོངས་ཀྱི་ཞིང་ཆེན་ལས་བརྒལ་ནས་ཁྲིམས་འགལ་ངང་རྡོ་ཐ་ཕྱིར་ཚོང་གཉེར་སྐྱོང་གི་གྱོད་གཞི་ཚབས་ཆེན་ཐོག་མ་བཟོས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་དང་། གྱོད་གཞི་དེ་དངུལ་འབོར་སྒོར་ཁྲི་225.58དང་འབྲེལ་བ་ཡོད་པ་རེད།

གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན།ལི་ལི་ནི་ལྷ་སའི་མྱུར་སྐྱེལ་ཀུང་སི་ཞིག་གི་སྐྱེལ་སྤྲོད་པུའི་ལས་དོན་པ་ཡིན་ཞིང་།འདྲི་གཅོད་བྱས་པ་བརྒྱུད་ལི་ལི་ཡིས་ལྐོག་ཏུ་ཐ་མག་དབོར་འདྲེན་བྱས་པའི་དོན་དངོས་ངོས་ལེན་ཞུས་པ་རེད། ན་ནིང་གི་ཟླ་ལྔ་པར་ལི་ལི་ཡིས་སྦྲག་བསྐུར་སྐྱེལ་སྤྲོད་བྱེད་སྐབས་ཀྲང་ཧུང་ངོ་ཤེས་པ་དང་ཀྲང་ཧུང་གི་སྐྱེལ་འདྲེན་དངོས་རྫས་འབོར་ཆེ་བ་དང་བསྐུར་ཐེངས་མང་བས་ཁོ་པ་གཉིས་པོས་སྐད་ཆ་བྱས་པ་བརྒྱུད་བསམ་བློ་མཐུན་ནས་ལྷ་ས་ནས་ཉོས་པའི་ཐ་མག་དེ་དག་དུས་བཀག་ནང་ལི་ལི་ལས་ཀ་བྱེད་སའི་སྐྱེལ་སྤྲོད་སྡེ་ཚན་ནས་ནང་སར་སྦྲག་བསྐུར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ཀྲང་ཧུང་2015ལོའི་ཟླ་དང་པོར་ནང་སར་ལོག་པ་དང་ཟླ་བཞི་པ་ནས་བཟུང་ལམ་ཐིག་ཕྱོགས་གཉིས་ནས་གཉེར་སྐྱོང་བྱེད་འགོ་ཚུགས། ལི་ལི་ཡིས་ལྷ་ས་ནས་ནང་སར་དཀོན་པའི་ཏ་ཆན་མོན་དང་ཁྲེང་ཐན་ཞ་རྟགས་ཅན་གྱི་ཐ་མག་ཉོ་བའི་འགན་འཁུར་བ་དང་། ཀྲང་ཧུང་གིས་ནང་ས་ནས་ལྷ་སའི་ཁྲོམ་རར་དཀོན་པའི་ཀྲུང་ཧྭ་རྟགས་ཅན་གྱི་ཐ་མག་ཉོ་བའི་འགན་འཁུར། ཕྱོགས་གཉིས་པོས་སྦྲག་བསྐུར་གྱི་ཐབས་ལ་བརྟེན་ནས་ས་ཁོངས་མི་འདྲ་བའི་ཁྲོམ་རར་ཐ་མག་དེ་རིགས་ནས་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད་པ་རེད།

བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད། ཀྲང་ཧུང་དང་ལི་ལིས་ཚོང་ཐེངས་38བརྒྱབ་པར་དངུལ་འབོར་ཁྱོན་སྒོར་ཁྲི་214.23ཟིན་པ་དང་། རྩད་ཆོད་ཐུབ་པའི་ཚོང་འཕྲོར་ལུས་པའི་ཐ་མག་གི་རིན་གོང་དང་མཉམ་རྩིས་བྱས་ཚེ། གྱོད་གཞི་དེའི་དངུལ་འབོར་སྒོར་ཁྲི་225.58ཟིན་ཡོད་པ་རེད། མིག་སྔར་གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་ཤེས་བྱ།
ཁྲིམས་འགལ་ངང་ཐ་མག་ཚོང་གཉེར་བྱས་ན་ཁྲིམས་བཅད་ཚད་གཞི་ལོ་གཅིག་ནས་ལྔ་བར་ཡིན་པ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁྱབ་ཀྱི་རྡོ་ཐ་ཆེད་ཚོང་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ཆོག་མཆན་མ་ཐོབ་པར་རྡོ་ཐ་ཆེད་ཚོང་བྱས་ནས་ཁྲོམ་རའི་སྒྲིག་ལམ་གཏོར་བཤིག་གཏོང་རིགས་ཁྲིམས་འགལ་ཚོང་གཉེར་ཉེས་པ་བསགས་པར་བརྩི་གི་ཡོད། ཐའེ་ཧོ་ཐའེ(ལྷ་ས)ཁྲིམས་རྩོད་ལས་དོན་ཁང་གི་ཁྲིམས་རྩོད་པ་མ་ཀྲེན་ཆིན་གྱིས་རྡོ་ཐ་ཆེད་ཚོང་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པ་དང་། ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་དང་། སྡེབ་ཚོང་ཆོག་འཐུས་ལག་ཁྱེར། སིལ་ཚོང་ཆོག་འཐུས་ལག་ཁྱེར་བཅས་མེད་པར་རྡོ་ཐ་ཐོན་སྐྱེད་དང་སྡེབ་ཚོང་བྱེད་རིགས་ལ་གཤམ་གསལ་གནས་ཚུལ་གྱི་གྲས་ཡོད་ཕྱིན་གནད་དོན་ཚབས་ལྕི་རིགས་ལ་དུས་བཀག་བཙོན་འཇུག་ལོ་གཅིག་བྱ་རྒྱུ་ཡིན་པ་སྟེ། གནས་ཚུལ་དེ་རིགས་ནི་མི་སྒེར་གྱིས་ཁྲིམས་འགལ་གཉེར་སྐྱོང་བྱས་པའི་དངུལ་གྲངས་སྒོར་ཁྲི་5ཟིན་པའམ་ཡང་ན་ཁྲིམས་འགལ་ངང་དངུལ་རག་ཚད་སྒོར་ཁྲི་1ཟིན་པ་དང་། ཚན་པས་ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པའི་དངུལ་གྲངས་སྒོར་ཁྲི་50ཟིན་པའམ་ཡང་ན་ཁྲིམས་འགལ་ངང་རག་པའི་དངུལ་གྲངས་སྒོར་ཁྲི་10ཟིན་པ། ཁྲིམས་འགལ་ངང་རྡོ་ཐ་ཚོང་གཉེར་བྱས་པ་དང་སྲིད་འཛིན་ཉེས་ཆད་ཐེངས་གཉིས་ཡན་ཕོག་པའི་ཁར། ཁྲིམས་འགལ་ངང་གཉེར་སྐྱོང་བྱས་པ་དང་དངུལ་གྲངས་སྒོར་ཁྲི་2ཟིན་པ་བཅས་རེད།
“ཁྲིམས་འགལ་ངང་རྡོ་ཐའི་ཐོན་རྫས་ཚོང་གཉེར་བྱེད་པའི་གནད་དོན་ཚབས་ལྕི་རིགས་ཀྱི་ཁྲིམས་བཅད་ཚད་གཞི་ནི་དུས་བཀག་བཙོན་འཇུག་ལོ་ལྔ་རེད”ཅེས་མ་ཀྲེན་ཅིན་གྱིས་བརྗོད་པ་དང་། ཁོང་གིས“ཞིབ་ཕྲའི་ཉེས་ཆད་གཅོད་ཚད་དེ་ད་དུང་གྱོད་གཞིའི་ཞིབ་ཕྲའི་གནས་ཚུལ་དང་གྱོད་འབྲེལ་དངུལ་གྲངས་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་ཀྱི་ཡོད”ཅེས་བཤད་བྱུང་།
