དབུ་ཤོག>གསར་འགྱུར།
  • སྤྱི་ཚོགས་དོ་དམ་བྱ་ཐབས་གསར་གཏོད་ཀྱིས་བོད་ཀྱི་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-23

    བོད་ལྗོངས་བརྟན་ལྷིང་ཡོང་རྒྱུ་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། པུའུ་ཀྲང་སུན་ཁྲུན་ལན་གྱིས་བོད་དུ་བརྟག་ཞིབ་གནང་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུན་ཆད་མེད་པར་སྤྱི་ཚོགས་དོ་དམ་བྱ་ཐབས་གསར་གཏོད་བྱེད་པ་དང་། དགོན་སྡེ་དོ་དམ་གྱི་གཙོ་གནད་ལ་དམ་འཛིན་ནན་པོ་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་གི་འགན་ལེན་ཏན་ཏིག་ངང་ཡག་པོ་སྤྱད་ཐོག་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས།

    ཉེ་ལམ་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་བསམ་བློ་དང“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱེད་པའི”གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་པ་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་གལ་ཆེའི་རྩ་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་ངང་ལས་དོན་སྤེལ་ཐོག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་ཧུར་ཐག་གཏོང་བ་དང་། བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དགོན་སྡེར་ལས་བྱེད་པ་བཅའ་སྡོད་དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འཛུགས། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་བྱ་ཐབས་རབ་དང་རིམ་པ་དེ་དག་ཀྲུང་དབྱང་གི་བླང་བྱ་དང་མཐུན་ལ་བོད་ཀྱི་དོན་དངོས་དང་མཐུན་ནས་ཕན་འབྲས་ཐོན་པ་དང་། སྤྱོད་གོ་ཆོད་པ། དམངས་འདོད་དང་མཐུན་པ། མི་སེམས་ཐོབ་པ་བཅས་ཡོད་ལུགས་ལག་ལེན་དངོས་ལས་ར་འཕྲོད་བྱུང་ཡོད། པུའུ་ཀྲང་སུན་ཁྲུན་ལན་གྱིས་བོད་དུ་རྟོག་ཞིབ་གནང་སྐབས་དེའི་ཐད་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་བླང་བྱ་གསར་པ་བཏོན་གནང་ཡོད།

    པུའུ་ཀྲང་སུན་ཁྲུན་ལན་གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པར་ངེས་པར་དུ་དགོན་སྡེར་དོ་དམ་བྱ་རྒྱུ་དེ་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བའི་གཙོ་གནད་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། བོད་ཀྱི་མང་ཚོགས་ཕལ་ཆེ་བས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པས་མང་ཚོགས་ཀྱི་བསམ་བློ་དང་སྤྱི་ཚོགས་འཚོ་བའི་ཐད་དགོན་སྡེས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་སྟབས་སྤྱི་ཚོགས་དོ་དམ་གྱི་གཙོ་གནད་ཅིག་ཡིན་ལ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་རྩ་ཞིག་ཀྱང་རེད། དགོན་སྡེ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དངོས་འབྲེལ་ཐུབ་པ་བྱེད་པར་རིམ་ཁག་ལས་བྱེད་པ་ཚོས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ནས་དགོན་སྡེ་དང་གྲྭ་བཙུན་གྱི་ལས་དོན་སྤེལ་མཁས་པོ་བྱེད་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཚོས་ལས་ཀའི་ཉིན་ཐོའི་ལམ་ལུགས་བཙུགས་ནས་དགོན་སྡེའི་གནས་ཚུལ་ཕྱོགས་ཡོངས་ནས་སྟངས་འཛིན་དང་། ཆོས་ལུགས་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་སྣང་ཆེན། ཆོས་ལུགས་ལས་དོན་གྱི་འཇོན་ཐང་ཆེར་གཏོང་། གྲྭ་བཙུན་དབར་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། དགོན་སྡེའི་ལས་དོན་གྱི་དཀའ་གནད་བསལ་ཏེ་སློབ་གསོ་དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དགོན་སྡེ་དེ་ཉིད་གཞི་རྩའི་སྤྱི་ཚོགས་རྩ་འཛུགས་ཤིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲྭ་བཙུན་སྤྱི་དམངས་དང་གཉེན་ཉེ་དང་གྲོགས་པོར་བརྩི་བ་བཅས་བྱས་ནས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། དགོན་སྡེའི་ནང་ཁུལ་གྱི་གནད་དོན་ཐད་དགོན་སྡེ་དང་གྲྭ་བཙུན་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཐག་གཅོད་འོས་འཚམ་བཅས་བྱེད་དགོས། རྒྱལ་གཅེས་ཆོས་གཅེས་དང་འཐུས་ཚབ་མི་སྣ་གསོ་སྐྱོང་བྱ་ཤུགས་ཆེ་རུ་བཏང་ནས་གསོ་སྐྱོང་འཆར་གཞི་བཟོ་བ་དང་། ནང་བསྟན་སློབ་གླིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བསམ་བློའི་སློབ་གསོའི་ལས་དོན་ལེགས་པར་སྒྲུབ་པ་བཅས་ཀྱི་ཐོག་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་མང་ཚོགས་ཀྱི་བློ་ཡིད་འགུག་ཐུབ་པ། འགག་རྩའི་དུས་སུ་ནུས་པ་འདོན་སྤེལ་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ནས་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་དང་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

    པུའུ་ཀྲང་སུན་ཁྲུན་ལན་གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པར་ངེས་པར་དུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་རྒྱུ་དེ་བོད་ཀྱི་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་རྒྱུ་ནི་བོད་ཀྱི་ལས་དོན་ཁྲོད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་བླང་བྱ་ཞིག་ཡིན་ལ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཤུགས་ཆེའི་མཚོན་ཆ་ཞིག་ཡིན་པས་ཁྲིམས་སྐྱོང་གི་བསམ་གཞིར་ཤུགས་སྣོན་རྒྱག་པར་རིམ་ཁག་ལས་བྱེད་པ་ཚོས་གཞན་གྱི་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ནས་ཁྲིམས་བཞིན་ཁྲིམས་ལག་བསྟར་དང་ཁྲིམས་ལྟར་སྲིད་འཛིན་རྒྱུ་དེ་ལས་ཕྱོད་ཆེ་ཆུང་བལྟ་བ་དང་ནུས་པ་དང་ཆུ་ཚད་གཏན་འཁེལ་བྱེད་པའི་གལ་ཆེའི་ཚད་གཞི་ཞིག་ཏུ་བརྩིས་ཏེ་ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པ་དང་ལས་དོན་སྤེལ་བའི་ཁ་ཕྱོགས་གསལ་པོ་ཞིག་ཏུ་བརྩི་བ་དང་། ཏང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ནན་ཏན་གྱིས་སྔ་བར་ཕྱི་གསུམ་དུ་མི་རིགས་དང་ཆོས་ལུགས་ཀྱི་དོན་ཆེན་གཉིས་ལ་བསམ་གཞིག་བྱས་ཏེ་ལྟ་སྟངས་གཅིག་མཚུངས་དང་གཞུང་དྲང་ཁྲིམས་འཛིན་བྱེད་དགོས། བྱ་ཐབས་ལ་སྣང་ཆེན་བྱེད་པ་དང་། གཟབ་ནན་ངང་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། བཅའ་ཁྲིམས་ལྟར་བྱ་བ་སྒྲུབ་དགོས་ལ་བྱ་ཐབས་དང་ཐབས་ཇུས་ལ་སྣང་ཆེན་བཅས་བྱས་ནས་ཆབ་སྲིད་རྣམ་པ་དང་། མི་རིགས་རྣམ་པ། ཆོས་ལུགས་རྣམ་པ་བཅས་མིན་པའི་ཐོག་ནས་གནད་དོན་ཐག་གཅོད་བྱེད་དགོས། གཙོ་གནད་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་ནས་འགན་འཁྲི་འཁུར་ཕོད་པ་དང་། རལ་གྲི་གཤོམ་ཕོད་པ། རྩ་ལག་མཉམ་བཅོས་དང་གཙོ་གནད་ལ་དམ་འཛིན་བཅས་ཀྱི་ཐོག་ནས་གཙོ་གནད་བཅོས་སྐྱོང་དང་གཞི་རིམ་གྱི་རྨང་གཞི་འཛུགས་སྐྱོང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཕྱོགས་གཅིག་ནས་མི་སེམས་ཐོབ་རྒྱུར་དམ་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་པ་དང་། ཕྱོགས་གཞན་ཞིག་ནས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུར་དམ་འཛིན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་གཏོར་བཤིག་བྱེད་སྤྱོད་ཀྱི་ཁོར་ཡུག་ངན་པ་མེད་པ་བཟོས་ནས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

    “རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”པར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་སྐོར་གྱི་པུའུ་ཀྲང་སུན་ཁྲུན་ལན་གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གཏིང་ཟབ་དང་ལེགས་པར་བསྒྲུབས་ནས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཀྱི་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།