དབུ་ཤོག>གསར་འགྱུར།
  • མགྱོགས་མྱུར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་དེ་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་རྨང་གཞིར་བརྩི་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-22

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་བོད་དུ་བརྟག་ཞིབ་གནང་སྐབས་གཞི་འཛིན་ས་དང་ཤུགས་རྒྱག་ས་ཡིན་པའི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་ལ་དམ་པོར་དམིགས་པ་དང་། གཞི་འཛུགས་ས་དང་དོན་ལ་བབ་ས་ཡིན་པའི་མི་སེམས་བརྩོན་ལེན་བྱེད་པ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་དེ་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིར་བརྩིས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“མི་སེར་རྣམས་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་ང་ཚོའི་ལས་དོན་མཐའ་དག་གི་གཞི་འཛུགས་ས་དང་དོན་ལ་བབས་ས་རེད”ཅེས་གསུངས་པ་རེད། འཕེལ་རྒྱས་ནི་ལྡོག་མེད་ཀྱི་གནས་ལུགས་དང་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་རེད། བོད་ལ་འཕྲད་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་འཕེལ་རྒྱས་ལ་བརྟེན་དགོས་པ་དང་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་པར་བརྟན་ལྷིང་ལ་བརྟེན་དགོས་ལ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་འགན་ལེན་བྱེད་པར་གཅིག་མཚུངས་ངང་འཕེལ་རྒྱས་ལའང་བརྟེན་དགོས། དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་དམིགས་ཡུལ་ནི་རྒྱུན་ཆད་མེད་པར་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་རེད། ང་ཚོས་ངེས་པར་དུ“འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི”བསམ་བློ་བརྟན་པོ་འཛུགས་པ་དང་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་སོགས་ཀྱི་རྩ་ཆེའི་གོ་སྐབས་དམ་འཛིན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་རྒྱུན་རྣམ་གསར་པ་དང་མཐུན་པ་དང་། རྒྱུན་རྣམ་གསར་པར་སྟངས་འཛིན། རྒྱུན་རྣམ་གསར་པར་སྣེ་ཁྲིད་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ལེགས་ལ་ཕན་འབྲས་ཀྱང་ལྡན་པ་དང་། རྒྱུན་སྲིང་། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    སློབ་གསོ་དང་ལས་ཞུགས་ལས་དོན་ལ་ཚད་མཐོའི་སྣང་ཆེན་བྱེད་དགོས། དམངས་འཚོར་དམ་འཛིན་བྱེད་པ་དེ་འཕེལ་རྒྱས་ལ་དམ་འཛིན་བྱེད་པའང་ཡིན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ལ་ཁྱབ་པའི་དེང་རབས་ཀྱི་སློབ་གསོའི་མ་ལག་ཆ་ཚང་ཞིག་གྲུབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁུངས་བོད་ནས་ཡིན་པའི་ལོ་དེར་ཐོན་པའི་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་དང་དེ་སྔོན་ཐོན་པའི་སློབ་མ་སྤྱིར་ན་ལས་ཞུགས་ཐུབ་པའི་དམིགས་ཚད་གསལ་སྟོན་བྱས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད། ང་ཚོས་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་སྲིད་ཇུས་མུ་མཐུད་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོའི་བྱ་གཞག་ལེགས་ལ་མྱུར་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ལས་ཞུགས་ཕྱོགས་སྟོན་དུ་བྱེད་པའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོའི་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱེད་པ་དང་ཚན་ཁག་དང་ཆེད་ལས་བཀོད་སྒྲིག་སྔར་བས་ལེགས་སྒྲིག་བྱས་ཏེ་སློབ་མ་ཚོས་གོ་ཆོད་ཀྱི་རྩལ་ནུས་སྔར་བས་མང་བ་ཤེས་པ་བྱེད་པ་དང་། སློབ་མ་ཚོས་ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བ་དང་ཁྲོམ་རའི་ཤུགས་རྐྱེན་བཟང་པོ་དང་ལེན་བྱས་ནས་གསར་གཏོད་གསར་སྐྲུན་དང་ལས་བརྩོན་ཕྱུག་འགྱུར་ཀྱི་ཁྲོམ་རའི་གཙོ་གཟུགས་སུ་འགྱུར་བ་བྱེད་པར་སྣེ་ཁྲིད་བྱེད་པ། རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་བ། སྐད་གཉིས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚད་ལོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྦྱོང་བྱེད་དགོས།

    དོན་དངོས་ལ་གཞི་ཚུགས་ནས་ནུས་ཤུགས་ཡོད་རྒུས་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་སྐྱེད་སྲིང་བྱེད་དགོས། ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་ནི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྣེ་འདྲེན་གལ་ཆེན་ཞིག་རེད། རང་ལྗོངས་ཀྱི་ཐོན་ལས་འཛུགས་སྐྲུན་དེ་ད་དུང་འགོ་འཛུགས་ཀྱི་དུས་མཚུངས་སུ་གནས་པས་ཐོན་ལས་བཀོད་སྒྲིག་ཡག་པོ་བྱས་ནས་ལམ་ཀྱོག་ཏུ་མི་འགྲོ་བ་བྱེད་དགོས། དོན་དངོས་ལ་གཞི་ཚུགས་པར་དང་ཐོག་ཆ་རྐྱེན་ལྡན་ལ་ལེགས་ཆའང་ལྡན་པ་དང་། མང་ཚོགས་ལ་མགྱོགས་མྱུར་ཁེ་ཕན་ཐོབ་པ། དང་ལེན་བྱེད་ཤུགས་ཆེ་བ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་བཏང་ནས་ལས་ཞུགས་དང་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ། སྤྱིའི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཁྱད་ལྡན་སྤུས་རྟགས་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་པ་དང་ཡུལ་སྐོར་དང་འབྲེལ་ཡོད་ཐོན་ལས་མཉམ་བསྲེས་ངང་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་བོད་ཀྱི་ཡུལ་སྐོར་རིམ་སྤོར་པར་གཞི་གཏོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་འཛུགས་སྐྲུན་ཧུར་ཐག་བྱེད་པ། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་ཞིག་ཏུ་བརྩིས་ཏེ་བསམ་ཕྱོགས་གསར་འབྱེད་དང་ཕུགས་ལ་དམིགས་པའི་ངང་ས་མཐོའི་སྣོད་བཅུད་དང་གནོད་མེད་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཐོན་ལས་ཀྱི་སྒྲོག་ཐག་གསར་པ་གཏོད་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་བསྐྲུན་དགོས།

    དབུལ་སྐྱོར་གསར་སྤེལ་ལས་དོན་མངོན་གསལ་དུ་དམ་འཛིན་ཡག་པོ་བྱེད་དགོས། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པར་ཆེས་དཀའ་ཚེགས་ཆེ་ལ་ལྕི་བའི་ལས་འགན་ནི་གྲོང་གསེབ་དང་ལྷག་པར་དུ་ས་ཁུལ་དབུལ་པོར་གནས་པ་དེ་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བ་དང་ཟུང་འབྲེལ་གྱིས་དབུལ་ཕོངས་མེད་པ་བཟོ་རྒྱུ་དེ་ལོ་ལྔ་རྗེས་མའི་འཕེལ་རྒྱས་ཀྱི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩིས་ནས་མ་དངུལ་དང་རྣམ་གྲངས་ཞིང་འབྲོག་ཁུལ་དང་གཞི་རིམ་ལ་སྔར་བས་ཕྱོགས་པ་དང་ས་ཁུལ་དབུལ་པོར་ཕྱོགས་པ་དང་། འཕྱུགས་མེད་ངང་དབུལ་སྐྱོར་བྱེད་པའི་ལས་དོན་མངོན་གསལ་དུ་དམ་འཛིན་བྱས་ནས་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་ཀྱི་དབུལ་སྐྱོར། སྤྱི་ཚོགས་ཀྱི་དབུལ་སྐྱོར་བཅས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་ཆེས་དབུལ་ཕོངས་མི་ཚོགས་ཀྱི་གནས་ཚུལ་གང་མགྱོགས་ལེགས་སུ་གཏོང་བ་དང་དབུལ་སྐྱོར་བྱ་ཡུལ་དང་དབུལ་སྐྱོར་བྱེད་སྟངས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་དེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་འཐུང་ཆུ་དང་། ཉེན་ཁང་སྒྱུར་བཀོད། ནད་བསྟེན་དཀའ་བ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་སྟེ་དམངས་སེམས་དང་མཐུན་པ་དང་དམངས་འཚོར་ཁེ་ཕན་བསྐྲུན་པའི་དོན་དངོས་དང་དོན་བཟང་མང་ཙམ་སྒྲུབ་པ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།