དབུ་ཤོག>གསར་འགྱུར།
  • མི་སེམས་འགུགས་ཐབས་བྱ་རྒྱུ་དེ་བོད་ཀྱི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བྱེད་པའི་རྩ་བ་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་བརྩི་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-20

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་ཉེ་ཆར་བོད་དུ་བརྟག་ཞིབ་གནང་སྐབས་མི་སེམས་འགུགས་ཐབས་བྱ་རྒྱུ་དེ་བོད་ཀྱི་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བྱེད་པའི་རྩ་བ་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་བརྩི་དགོས། མང་ཚོགས་ལ་ཡིད་ཆེས་དང་། མང་ཚོགས་ལ་མཐུན་སྒྲིལ། མང་ཚོགས་ལ་བརྟེན་ན་ཆེས་རྒྱ་ཁྱབ་ཀྱི་སྒོ་ནས་མི་སེམས་འགུག་ཐུབ་པ་དང་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཆེ་ཤོས་ཐུབ་རྒྱུ་ཡིན་ཞེས་ནན་གྱིས་གསུངས་པ་རེད། པུའུ་ཀྲང་སུན་ཁྲུན་ལན་གྱི་གསུང་བཤད་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བོད་སྐྱོང་ཇུས་གཞི་ཆེ་མོ་མཚོན་གྱི་ཡོད། དེ་ནི་བོད་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ངོས་ནས་བརྗོད་ན་དམིཌ་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་ཞིག་རེད།

    བློ་ཕྱོགས་གཏད་མིན་དང་སྟོབས་ཤུགས་ཆེ་ཆུང་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་དར་རྒུད་ཇི་ཡོང་གི་འགག་རྩ་རེད། མི་རིགས་ལས་དོན་ཡག་པོ་སྤེལ་བའི་ཐབས་གོ་ཆོད་ཤོས་ནི་མི་སེམས་འགུགས་ཐབས་བྱ་རྒྱུ་དེ་རེད། བོད་དུ་མི་སེམས་འགུགས་ཐབས་ཀྱི་ལས་དོན་ཁག་སྤེལ་སྐབས་འཕྲད་པའི་འགོག་རྐྱེན་ཆེ་ཤོས་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་སྤེལ་བའི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དེ་རེད།

    དུས་ཡུན་རིང་པོའི་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཕྱོགས་གཅིག་ནས“དབུ་མའི་ལམ”དང“ཚད་མཐོའི་རང་སྐྱོང”ཟེར་བ་འུད་སྒྲོག་བྱས་ནས་ཡིན་མིན་བསྲེས་ཏེ་མང་ཚོགས་ལ་མགོ་སྐོར་བཏང་ཡོད། ཕྱོགས་གཞན་ཞིག་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་སྡིག་ཉེས་ཆེ་བའི་སྤྱོད་ངན་སྣ་ཚོགས་མུ་མཐུད་སྤེལ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་དོགས་ཟོན་ཆེན་པོ་བྱེད་དགོས་པ་མ་ཟད། ད་དུང་ང་ཚོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དབར་གྱི་འཐབ་རྩོད་ལ་ངོས་འཛིན་གཏིང་ཟབ་པོ་ཡང་བྱེད་དགོས། དེ་ནི་ཆོས་ལ་དད་པ་བྱེད་མིན་དང་རང་སྐྱོང་བྱེད་མིན་གྱི་གནད་དོན་ཞིག་མིན་པར་ཁ་ཕྲལ་དང་ཁ་ཕྲལ་ལ་ངོ་རྒོལ་དབར་གྱི་འཐབ་རྩོད་ཅིག་རེད།

    ཆབ་སྲིད་ལམ་ཕྱོགས་བརྟན་དུ་གཏོང་བ་དང་། ཀྲུང་དབྱང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ངོ་བོ་གཏན་འཁེལ་བྱས་པ་དག་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་མི་གཏོང་བ་དང་། ཀྲུང་དབྱང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་འཐབ་རྩོད་བྱེད་དགོས་པའི་བྱེད་ཕྱོགས་གཏན་འཁེལ་བྱས་པ་དག་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་མི་གཏོང་བའི་ཐད་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བརྗོད་པའི“དབུ་མའི་ལམ”དང་ཆབ་སྲིད་འདོད་ཚུལ་མཐའ་དག་གི་ངོ་བོ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱ་རྒྱུའི་རེ་ངན་འཆང་བ་དེ་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་རྒྱབ་འགལ་ཡིན་པ་གསལ་པོར་ཤེས་སུ་འཇུག་དགོས། “དབུ་མའི་ལམ”ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་དང་རྦད་དེ་རྒྱབ་འགལ་ཡིན་པ་དང་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་རྦད་དེ་རྒྱབ་འགལ་ཡིན་པ་གསལ་པོར་ཤེས་སུ་འཇུག་དགོས།

    མང་ཚོགས་ལས་དོན་ནི་རང་རེའི་ཏང་གི་སྲོལ་རྒྱུན་བཟང་པོ་དང་རང་རེའི་ཏང་ལ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་གྲུབ་འབྲས་ཐོབ་པའི་རྩ་ཆེའི་མཆོག་ནོར་ཞིག་རེད། རང་ལྗོངས་ཀྱིས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་དང་དགོན་པར་བཅའ་སྡོད་བྱེད་པར་མངགས་ཏེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་མི་སེམས་འགུགས་ཐབས་བྱེད་པ་དང་ཁྱོན་ཡོངས་བརྟན་ལྷིང་ཡོང་བ་བྱེད་པར་མང་ཚོགས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་ཡོད། གྲོང་ཚོར་བཅའ་སྡོད་དང་དགོན་པར་བཅའ་སྡོད་བྱེད་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱས་ཏེ་ལམ་སྲོལ་ལེགས་སྒྲིག་བྱེད་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་ཀྱི་ཐོག་ནས་ལས་དོན་རྒྱུན་རྣམ་ཅན་དང་རྒྱུན་མཐུད་ཅན་དུ་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། སྲིད་ཇུས་དང་། རྣམ་གྲངས། མ་དངུལ་བཅས་ཀྱི་ཐོག་ནས་གཞི་རིམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཞི་རིམ་དང་ལྷག་པར་དུ་ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་མང་ཚོགས་ལས་དོན་སྤེལ་ཐབས་གསར་གཏོད་དང་ལེགས་བཅོས་བྱས་ནས་གཞི་རིམ་སྲིད་དབང་གི་དབང་གྲགས་ཆེ་རུ་གཏོང་དགོས། མང་ཚོགས་ལ་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་བརྟན་ལྷིང་མཐུན་སྒྲིལ་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་གནས་ལུགས་ངོ་མ་ཤེས་སུ་འཇུག་དགོས། མང་ཚོགས་ཀྱི་གྲུབ་ཆ་གཙོ་བོའི་གནས་བབ་མཐའ་འཁྱོངས་ཀྱིས་མང་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དགོན་པ་དོ་དམ། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་དོན་ནང་ཞུགས་སུ་འཇུག་དགོས།

    འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་ཏང་གི་དམིགས་བསལ་གྱི་མང་ཚོགས་ལས་དོན་ཞིག་རེད། འཐབ་ཕྱོགས་གཅིག་གྱུར་ནི་ཏང་དང་ཕྱོགས་ཁག་གི་མང་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་འདུན་མཚོན་པར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། འཐབ་ཕྱོགས་གཅིག་གྱུར་གྱི་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད་ངེས་པར་དུ་ཆབ་སྲིད་རྩ་དོན་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་མཐའ་ཚད་བརྟན་སྲུང་བྱས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཆ་མཚོན་ན། ཆོས་ལུགས་དད་མོས་དང་། ཡུལ་སྲོལ་གོམས་འདྲིས། ཁེ་ཕན་རེ་ཞུ་སོགས་ཕྱོགས་གང་ཅིར་འདྲ་གི་མེད་པས་བརྩི་འཇོག་དང་ཁོང་ཡངས་བྱེད་དགོས། ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོས་ལས་དོན་སྤེལ་ནས་སྤྱིའི་བགོ་གྲངས་མཐོ་ཤོས་འཚོལ་ཞིབ་ཐུབ་པ་བྱེད་དགོས།

    དྲ་སྦྲེལ་ནི་མིག་སྔར་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་གཡུལ་ས་གལ་ཆེན་ཞིག་རེད་ལ། མི་སེམས་འགུགས་ཐབས་བྱེད་པའི་དམག་ས་གཙོ་བོ་ཞིག་དེ་བས་ཀྱང་རེད། དྲ་ཐོག་གི་འཐབ་རྩོད་དེ་བོད་དང་འབྲེལ་བ་ཡོད་པའི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོར་བརྩིས་ནས་དྲ་ཐོག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། མཐོ་གསར་ལག་རྩལ་སྤྱོད་རྒྱུར་མཐོང་ཆེན་གྱིས་གཙོ་ཆེའི་དྲ་ཚུགས་ཁག་གཅིག་འཛུགས་གཉེར་ཡག་པོ་བྱེད་པ་དང་། དྲ་རྒྱ་བརྒྱུད་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་པ་དང་ལེགས་སུ་གཏོང་བ། དྲ་རྒྱའི་སྒྲོག་སྤེལ་ཆོས་ཉིད་དང་བསྟུན་ནས་དྲ་རྒྱ་བརྒྱུད་གླེང་ཕྱོགས་ཁྲིད་སྟོན་བྱེད་པའི་དུས་ཚོད་དང་། ཚད་གཞི། ཕན་འབྲས་བཅས་ཁོང་དུ་ཆུད་པ་བྱེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་འཕེལ་བ་བཅས་བྱས་ནས་བོད་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་དེ་བདེ་འཇགས་མཐའ་གཅིག་ཏུ་ཡོང་བའི་འགན་ལེན་བྱེད་དགོས།

    སྤྱོད་ཚུལ་དེ་བློ་ཁ་གཏད་ཕྱོགས་དང་བྱ་གཞག་དར་རྒུད་ཇི་བྱུང་དང་འབྲེལ་བ་ཡོད། “བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ལེགས་ཆ་ཧ་ཅང་ཆེན་པོ་དེ་དུས་བབ་གསར་པའི་འོག་མུ་མཐུད་མཐའ་འཁྱོངས་དང་དར་སྤེལ་ཡག་པོ་ཐུབ་པ་བྱེད་དགོས། ཏང་གི་སྲོག་རྩ་དང་ཕ་ནོར་ལྟ་བུ་ཡིན་པའི་མང་ཚོགས་ལམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་མང་ཚོགས་ལ་མཐུན་སྒྲིལ་གང་ཐུབ་ཅི་ཐུབ་དང་མི་སེམས་འགུགས་ཐབས་བྱས་ནས་བོད་ཀྱི་ལས་དོན་ཁྲོད་ཀྱི་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་ཚུགས་པ་བྱེད་དགོས། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་རྒྱུ་དང་། ལྷག་པར་དུ་ཆབ་སྲིད་བླང་བྱ་ཨང་དང་པོར་བཞག་སྟེ་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལམ་ལུགས་ལ་བརྩི་སྲུང་ཞུས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་སྐབས་ཟ་ཟིར་གཏན་ནས་མི་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་མི་བསམ་ཤེས་ཅན་ཞིག་བྱེད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།