དབུ་ཤོག>གསར་འགྱུར།
  • “སྐྱོར་མི་སྐྱོར”དང“ཇི་ལྟར་བྱས་ནས་སྐྱོར་བའི”དབར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལུའུ་ཡིའུ་ཅུན་གྱིས།   |     སྤེལ་དུས།  2015-06-19

    སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཚོགས་པ་དང་མཉམ་དུ་པེ་ཅིང་དུ་ཡུལ་སྐོར་ལ་བསྐྱོད་པའི་ཨ་མ་ཀྲོའུ་ལགས་པ་ཏ་ལིང་ལྕགས་རི་རིང་པོའི་རི་གཤམ་དུ་ཁ་སྦུག་ལོག་པ་དང་དུས་ཚོད་སྐར་མ་བཅུ་ལྷག་ཙམ་སོང་རྗེས་ཁོང་གི་ལུང་པ་གཅིག་པའི་མིས་སྨན་ཁང་དུ་བསྐྱལ་ཡང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་རེད།

    སྐབས་ཤིག་རིང་སྤྱི་ཚོགས་སུ“སྐྱོར་མི་སྐྱོར”ཞེས་པ་དེ་གླེང་མང་བའི་བརྗོད་གཞི་ཞིག་ཏུ་གྱུར་བ་མ་ཟད། ཤོད་ཚུལ་ཡང་འདྲ་མིན་སྣ་ཚོགས་བྱུང་། སྨྱུག་འཛིན་པས་བྱས་ན་གཞན་ལ་རོགས་རམ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་པ་དང་མི་ལ་ལའི“སྐྱོར་མི་སྐྱོར”གྱི་བསམ་ཚུལ་དེ་སྲོལ་རྒྱུན་གྱི་སྤྱོད་བཟང་དང་རྒྱབ་འགལ་རེད་འདུག་སྙམ།

    ཤེས་དཔལ་དང་སྤྱོད་བཟང་ནི་མཚེ་མ་ལྟ་བུ་རེད། གཞན་ལ་རོགས་རམ་བྱེད་པ་དེ་སྤྱོད་བཟང་རྒྱུན་འཛིན་བྱེད་པ་ཞིག་རེད་ལ། ཤེས་དཔལ་དར་སྤེལ་གཏོང་བ་ཞིག་ཀྱང་ཅི་ལ་མིན། “དོན་ཆུང་ནས་མི་གཤིས་རྟོགས”ཞེས་པ་ལྟར་དོན་ཆུང་ལས་མི་ཞིག་གི་སྤྱོད་ཚུལ་མཚོན་ཐུབ་ལ། མི་རིགས་ཞིག་དང་ས་ཁུལ་ཞིག་གི་ཤེས་དཔལ་ཚད་གཞི་དེ་བས་མཚོན་ཐུབ། ཨ་མ་ཀྲོའུ་ལགས་གློ་བུར་དུ་རིལ་ཡང་སྐྱོབ་རོགས་བྱེད་མཁན་གཅིག་ཀྱང་མེད་པ་དེ་ལྟ་རུབ་བྱེད་མཁན་ཚོས་རང་སོ་སོར་སྐྱོན་བརྗོད་བྱེད་དགོས་ལ། མི་རྣམས་ཀྱིས་དོན་དེར་བསམ་གཞིག་བྱེད་དགོས་ངེས་ཞིག་རེད།

    ཉེ་བའི་ལོ་ཤས་རིང་ས་ཆ་མང་པོར“མི་སྐྱོར་མཁན་མཐུན་ཚོགས”དང“མི་སྐྱོར་མཁན་དང་བླངས་པའི་མཐུན་ཚོགས”སོགས་རྩ་འཛུགས་བཙུགས་པ་དེ་སྤྱོད་བཟང་དར་སྤེལ་གཏོང་བ་དང་ཤེས་དཔལ་ལག་ལེན་བསྟར་བའི་གསར་གཏོད་བྱ་སྤྱོད་ཅིག་ཡིན་པས་དགའ་འོས་ལ་བསྔགས་བརྗོད་ཀྱང་བྱེད་འོས་པ་ཞིག་རེད།

    ཚང་མས་ཤེས་དཔལ་དར་སྤེལ་གཏོང་། ཁྱིམ་ཚང་ཁྲི་ལ་བདེ་སྐྱིད་སྐྲུན། གནའ་སྔ་མོ་ནས་བཟུང་སྤྱོད་བཟང་ནི་བྱ་སྤྱོད་དངོས་ཀྱི་ཁྲོད་དོན་འཁྱོལ་བྱེད་ཅིང་། དེའང་ཏ་ཡུས་ཀྱིས་ཧུར་བརྩོན་གྲོན་ཆུང་བྱས་ནས་ཆུ་ལོག་བཅོས་པ་དང་། པོ་ལེ་ཡིས་མཁས་པ་འོས་སྦྱོར་བྱས་པ། ཁུང་མིན་གྱིས་རང་བཅུན་ནན་པོ་བྱས་པ་སོགས་གནའ་རབས་བའི་སྤྱོད་བཟང་དེ་དག་དེང་རབས་བ་ཚོས་རྒྱུན་འཛིན་བྱེད་འོས། གངས་ལྗོངས་ས་མཐོར་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གཏོད་པའི“ཁྲི་སྟོང་བརྒྱ”འདུ་འགོད་དེ་ཚ་ཚ་འུར་འུར་ངང་ལག་ལེན་བསྟར་བཞིན་ཡོད་པ་དང་ཤེས་དཔལ་ཁྱིམ་ཚང་དང་། ཤེས་དཔལ་ཁུལ་ཆུང། ཤེས་དཔལ་གྲོང་ཁྱེར་སོགས་གསར་གཏོད་བྱེད་སྒོ་སྣ་ཚོགས་ལ་མི་སེམས་ཐོབ་པ་དེ་ནི་རྒྱ་ཆེའི་མང་ཚོགས་ཚོས་སྤྱོད་བཟང་རྒྱུན་འཛིན་དང་ཤེས་དཔལ་ལག་བསྟར་བྱེད་པའི་རྒྱས་བཤད་ནུས་ལྡན་ཞིག་རེད། སྤྱོད་བཟང་དང་ཤེས་དཔལ་མདུན་དུ“བྱེད་མི་བྱེད”དང“སྐྱོར་མི་སྐྱོར”ལ་ཐེ་ཚོམ་བྱས་ན་བཞད་གད་ཀྱི་གནས་སུ་གྱུར་བ་སྨོས་ཅི་དགོས།

    འཇར་མན་བའི་སློབ་གསོ་རིག་གནས་དང་སིང་ཀ་ཕོར་བའི་དོ་དམ་རིག་གནས་ལ་སྐྱེ་བོ་ཀུན་གྱི་བསྔགས་བརྗོད་ཐོབ་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་རྒྱལ་ཁབ་གང་དེའི་དེང་རབས་ཤེས་དཔལ་ལས་བྱུང་བ་མ་ཟད། དམངས་ཡོངས་ཀྱི་བྱ་སྤྱོད་དངོས་ལས་བྱུང་བ་དེ་བས་རེད། འཇར་མན་བས་བྱིས་པར་སློབ་གསོ་རྒྱག་སྐབས་ཕྲུ་གུ་ཚང་མ་རང་སོ་སོའི་ཕྲུ་གུར་བརྩིས་ནས་ཚུལ་མིན་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་ཁྱིམ་བདག་ཚང་མས་ཡོ་བསྲང་བྱེད་ཀྱི་ཡོད། སིང་ཀ་ཕོར་བ་ནི་སྔར་བས་གཟབ་ནན་གྱི་མི་རིགས་ཞིག་ཡིན་པ་དང་སྤྱི་པའི་འདུ་གནས་ཁུལ་དུ་རང་རྟོགས་ངང་རུ་སྒྲིག་པ་དང་། རང་རྟོགས་ངང་རང་གི་སྡོད་ས་མཁོ་མཁན་ལ་སྡོད་དུ་འཇུག་པ། གད་སྙིགས་གང་བྱུང་མ་དབྱུགས་པ། ཅ་ཅོ་མི་བྱེད་པ་སོགས་ནི་ཁོང་ཚོའི་གོམས་གཤིས་ཤིག་ཏུ་གྱུར་ཡོད། “གཞན་གྱི་དགེ་མཚན་རང་གི་མིག་དཔེ་བྱེད”ཅེས་པ་ལྟར་བྱ་སྤྱོད་དེ་རིགས་ལ་ང་ཚོས་སློབ་སྦྱོང་བྱེད་ཆོག

    ང་ཚོ་ཆུང་དུས་ནས་ཤེས་དཔལ་ཡ་རབས་ཀྱི་ཁོར་ཡུག་ཁྲོད་འཚོ་བ་སྐྱེལ་གྱི་ཡོད་པ་དང་སྤྱོད་བཟང་ནི་བྱ་དངོས་ཡོངས་ལ་གསོ་བཅུད་སྦྱིན་མཁན་བདུད་རྩི་ལྟ་བུར་གྱུར་ནས་ཚེ་སྲོག་ལ་རེ་བ་སྦྱིན། ང་ཚོ་ཤེས་དཔལ་ལྡན་པའི་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་བས་ཤེས་དཔལ་དེ་སྔར་བས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ང་ཚོས་སྤྱོད་བཟང་གི་བདུད་རྩི་ལོངས་སྤྱོད་བྱེད་ཀྱི་ཡོད་པས་སྤྱོད་བཟང་སྔར་བས་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་དགོས། “དངུལ་ཡོད་ཚེ་གཞི་ནས་སྐྱོར་གྱི་ཡིན”ཞེས་པའི་སྐད་ཆ་དེ་དག་དངོས་གནས་ངོ་གནོང་དགོས་པ་ཞིག་ཡིན་པ་དང་ཟུར་ནས་བལྟས་པ་ལས་རོགས་སྐྱོར་མི་བྱེད་པའི་བྱེད་སྤྱོད་དེ་དོར་འོས་པ་སྨོས་ཅི་དགོས།

    མི་སྐྱོར་འོས་པ་དེ་སྨོས་མི་དགོས་པ་ཞིག་ཡིན་ཡང་འགག་རྩ་ནི་ཇི་ལྟར་བྱས་ནས་སྐྱོར་བ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།