དབུ་ཤོག>གསར་འགྱུར།
  • ཁྲེང་ཀོན་ཆུས་ཀྱི་ས་གཙང་ཐོན་ལས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-19

    ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀྱི་ས་གཙང་ཐོན་ལས་ལས་མི་སེར་གྱིས་སྔོ་ཚལ་སོས་པ་ཉོ་རྒྱུར་སྟབས་བདེ་བསྐྲུན་པ་དང་ལྷད་མེད་འོ་མ་འཐུང་རྒྱུ་བྱུང་བ་མ་ཟད། ད་དུང་བྲོ་ཞིམ་ཤིང་ཏོག་ཟ་རྒྱུ་བྱུང་ཡོད། དེས་མ་ཚད་ཞིང་འབྲོག་མང་ཚོགས་ཀྱང་ཐོན་ལས་རྣམ་གྲངས་འཕེལ་རྒྱས་མྱུར་པོ་འགྲོ་བའི་ཁྲོད་ཡོང་འབབ་ལྡབ་འཕར་བྱུང་བ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་དེ་བས་མང་བའི་མི་སེར་ཚོས་ཀྱང་དེའི་ཁྲོད་ཧུར་ཐག་ཞུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་ཁྲེང་ཀོན་ཆུས་ཀྱིས་ས་གཙང་ཐོན་ལས་ཀྱི་རྣམ་གྲངས་ཁག་13ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་3.1བཏང་བ་རེད།

    ཐོན་ལས་རྣམ་གྲངས་མུ་མཐུད་ སྲ་བརྟན་དུ་གཏོང་བ།

    “འདི་ལོ་གསར་དུ་བསྐྲུན་པའི་ནུས་ཆེའི་ཉི་འོད་དྲོད་ཁང་སྟར་པ་500དང་། སྔོ་ཚལ་གཙང་མའི་ལས་སྣོན་བཟོ་གྲྭ སོས་ཉར་གྲང་མཛོད་བཅས་དངོས་སུ་སྤྱོད་འགོ་ཚུགས་པ་དང་འབྲེལ‘ཀུང་སི་དང་། རྟེན་གཞི ཞིང་དུད་བཅས་ཟུང་དུ་འབྲེལ་བའི’གཉེར་སྐྱོང་དཔེ་དབྱིབས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ‘སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་དང་། སྔོ་ཚལ་ལ་ཚན་རིག་དང་མཐུན་པའི་ཞིབ་དཔྱད་ཚད་ལེན། སྔོ་ཚལ་གཙང་མ་ལས་སྣོན། སོས་ཉར་མཛོད་འཇུག་བཅས’འཐུས་ཚང་དུ་བཏང་སྟེ་སྔོ་ཚལ་ཐད་ཚོང་རླངས་འཁོར་སྡེ་ཁུལ་དང་། སློབ་གྲྭ དགོན་སྡེ་བཅས་སུ་བསྐྱོད་པའི་ཐོན་སྐྱེད་དང་། མཁོ་འདོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་རྒྱུ་རེད”ཅེས་ཁྲེང་ཀོན་ཆུས་ཀྱི་ས་གཙང་ཐོན་ལས་གཞུང་དོན་ཁང་གི་ལས་དོན་མི་སྣ་ཝང་ཡུང་གིས་གསར་འགོད་པར་ཤོད་ཀྱི་འདུག

    དེ་བཞིན་ཁྲེང་ཀོན་ཆུས་ཀྱིས་ནང་འདྲེན་བྱས་པའི་བཞོན་མ་1400སྐྱེ་འཚར་བྱུང་ཚུལ་ན་ནིང་ལས་བཟང་བ་ཡོད་པའི་ནང་ཁག་གཉིས་པར་ནང་འདྲེན་བྱས་པའི་རྒྱུད་བཟང་བཞོན་མ་800དག་མཚོ་སྔོན་ཐེན་ལུའུ་དང་གསེར་ཁོག་ཕྱུགས་རར་བར་བརྒལ་གསོ་ཚགས་བྱས་པ་དེ་སྔོན་དཔག་བྱས་ན་ཟླ་4ཚེས་15ཡི་གོང་གནས་སར་འབྱོར་རྒྱུ་དང་། ཀྲི་ལུང་ཤུར་ཁམ་བུ་ཁྱབ་གདལ་དང་། དོག་སྡེའི་རྒུན་འབྲུམ་འདེབས་འཛུགས། ཉང་བྲན་ལི་སྡོང་དང་ཁམ་སྡོང་འདེབས་འཛུགས། དོག་སྡེའི་སྣོད་བཅུད་སླར་གསོ་བྱས་པའི་དཔལ་འབྱོར་ནགས་ཚལ་གསོན་ཚད་90%ཡན་གྱི་རྨང་གཞིའི་ཐོག་འབྲས་བུ་བཏགས་ཚད་མཐོ་རུ་དང་དཔལ་འབྱོར་ཕན་འབྲས་ཆེ་རུ་ཕྱིན་ཡོད་པ་རེད།

    2014ལོའི་ས་གཙང་ཐོན་ལས་རྣམ་གྲངས་ཁག་13སྲ་བརྟན་དང་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་ཐོག་ཁྲེང་ཀོན་ཆུས་ཀྱིས་དེང་སྐབས་ཀྱི་རིག་ནུས་ཞིང་ལས་དཔེ་སྟོན་གླིང་དང་། རྩི་ཤིང་བཟོ་གྲྭ གཞལ་ལུང་ཤུར། ཉང་བྲན་ལུང་ཤུར། དོག་སྡེ་ལུང་ཤུར། གར་པ་QQཞིང་ར་སོགས་ཁྱད་ལྡན་ལུང་ཤུར་གྱི་འཆར་འགོད་ཞིབ་ཕྲ་སྔ་སྣུར་དུ་ཇུས་འགོད་བྱས་པ་དང་། ལྷག་པར་དུ“ཁྲེང་ཀོན་ཆུས་ཀྱི་ས་གཙང་ཐོན་ལས་ཀྱི་སྤྱི་ཡོངས་འཆར་འགོད་དང་ཚོད་འཛིན་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ”ཞིབ་དཔྱད་དང་འཐུས་ཚང་གི་ལས་དོན་ཡག་པོ་སྒྲུབ་པའི་ཁྲོད་2015ལོའི་ལོ་འགོར་འཆར་འགོད་དཔྱད་ཞིབ་ཚད་ལོན་པའི་བརྩོན་ལེན་བྱ་རྒྱུ་རེད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།

    རྒྱ་ཆེའི་མང་ཚོགས་ལ་ས་གཙང་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་ཐུབ་པ་བྱ་རྒྱུ་དེ་ལྷ་སའི་ས་གཙང་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྩའི་དམིགས་ཡུལ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོར་ཁྱོན་མི་2132ཡོད་པ་དེའི་ནང་ཕྱི་འོང་ཕྱོགས་མི་1150ཡོད་པ་དང་། ས་གཙང་ཐོན་ལས་ཀྱི་རྣམ་གྲངས་ཚང་མ་འཁོར་རྒྱུག་བྱས་རྗེས་སྔོན་དཔག་བྱས་ན་ས་ཆ་དེ་གའི་ངལ་རྩོལ་ནུས་ཤུགས་མི་972གཞན་སྒྱུར་བྱེད་ཆོག་པ་དང་ལོར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་9394ཟིན་རྒྱུ་ཡིན་པ་དེ་སྲོལ་རྒྱུན་གྱི་ཞིང་ལས་བྱེད་པའི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་ལས་ལྡབ་གཉིས་ཙམ་གྱིས་མང་བ་ཡོད་པ་རེད།

    “2015ལོར་ཁྲེང་ཀོན་ཆུས་ཀྱིས་སྒོར་ཁྲི་6600བཏང་ནས་ཧང་ཐུང་ཟོག་འགྲེམས་ཀུང་སི་དཔལ་སྡིངས་ཟོག་འགྲེམས་ལྡུམ་ཁུལ་སྐྲུན་རྩིས་ཡོད་པ་དེའི་ནང་གླིང་ཁུལ་གྱི་ཉོ་ཚོང་དུ་སྤྱོད་པའི་ཁང་པ་དང་། ཞིང་ཞོར་ཐོན་ཟོག་ཉོ་ཚོང་འགྲེམས་སྟོན་ལྟེ་གནས། ཐུམ་རྒྱག་འཁོར་ཁང་། བྱ་རིགས་དང་ཉ་རིགས་ཉོ་ཚོང་ཁྲོམ་ར། ཤིང་ཏོག་སྐམ་པོའི་ཉོ་ཚོང་ཁྲོམ་ར་བཅས་དང་། དེ་བཞིན་ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་སོགས་ཚུད་ཡོད”ཅེས་ཝང་ཡུང་གིས་གསར་འགོད་པར་བཤད་པ་དང་། གསར་དུ་སྐྲུན་པའི་ཟོག་འགྲེམས་ལྟེ་གནས་ཀྱི་ས་ཆ་དེ་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོར་བདམས་ཤིང་། མིག་སྔར་དཔེ་རིས་ཞིབ་བཤེར་དང་དུས་འགོའི་ལས་དོན་ལེགས་གྲུབ་ཟིན་ནས་རྣམ་གྲངས་ལས་འགོ་བཙུགས་པ་དང་སྔོན་དཔག་བྱས་ན་ཟླ་4པའི་ཟླ་མཇུག་ཏུ་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།

    དེས་མ་ཟད་སོས་ཉར་གྲང་གསོག་མཛོད་ཀྱི་རྣམ་གྲངས་ཀྱང་ཁྲེང་ཀོན་ཆུས་དཔལ་སྡིངས་གྲོང་ཚོར་བསྐྲུན་ནས་མ་དངུལ་སྒོར་ཁྲི་2672བཏང་བ་དང་། རྣམ་གྲངས་བསྐྲུན་རྗེས་སྔོན་དཔག་བྱས་ན་སོས་ཉར་གསོག་འཇོག་བྱེད་ཚད་ཏུན་3307དང་གྲང་ཉར་བྱེད་ཚད་ཏུན་2025ཟིན་ནས་ཤིང་ཏོག་དང་། སྔོ་ཚལ། ནོར་ལུག་གི་ཤ། མར་སོགས་ཏུན་5332གྲང་ཉར་དང་སོས་ཉར་ཐུབ་རྒྱུ་རེད། དྲོད་ཁང་སྟར་པ་500དང་། སྔོ་ཚལ་གཙང་མའི་ལས་སྣོན་བཟོ་གྲྭ སྔོ་ཚལ་ཐད་ཚོང་རླངས་འཁོར་སོགས་རྣམ་གྲངས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“ཐོན་སྐྱེད་དང་། མཁོ་སྤྲོད། བྲིན་ཚོང”བཅས་གཞི་གཅིག་ཅན་གྱི་དཔེ་དབྱིབས་ཆགས་རྒྱུ་རེད།

    ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རིམ་སྤོར་བྱེད་པ།

    འདི་ལོ་ཁྲེང་ཀོན་ཆུས་ཀྱིས་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མ་རྨོས་ལོ་ཏོག་མུའུ་2300འདེབས་རྩིས་ཡོད་པ་དང་། དུས་མཚུངས་ཉང་བྲན་ཤང་དུ་འདྲེ་ཚེར་མ་ནག་པོ་མུའུ་200དང་མཱ་ཁ་མུའུ་200བཏབ་པ་དང་། དོག་སྡེ་ཤང་གི་མུའུ་100དང་རྔ་ཆེན་ཤང་གར་པ་གྲོང་ཚོའི་མུའུ་90ཡི་སར་ཅིན་ཡིན་ཧྭ་བཏབ་པ་རེད།

    ཁྲེང་ཀོན་ཆུས་ཀྱིས་མིག་སྔར་འདེབས་འཛུགས་རྒྱ་ཁྱོན་དང་ས་བོན་དགོས་མཁོ་བསྡོམས་རྩིས་སོགས་ཀྱི་དུས་འགོའི་ལས་དོན་སྤེལ་བཞིན་ཡོད་པ་དང་། ཁྲེང་ཀོན་ཆུས་ཀྱི་སྔོ་ཚལ་ཐོན་ཟོག་མཁོ་སྤྲོད་ཁྲོམ་རའི་སྤུས་ཚད་འགན་ལེན་བྱ་ཆེད། ཁྲེང་ཀོན་ཆུས་ཀྱིས་ཚད་གཞི་མཐོ་བའི་སྔོ་ཚལ་ཞིབ་དཔྱད་ཚད་ལེན་ལྟེ་གནས་གཅིག་བསྐྲུན་རྩིས་ཡོད་པ་དང་མིག་སྔར་རྣམ་གྲངས་དེ་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། འདི་ལོའི་ཟླ་7པར་བསྐྲུན་ཟིན་པ་བྱ་རྒྱུ་རེད།

    སྔོ་ཚལ་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱི་རྣམ་གྲངས་ཕུད་ཁྲེང་ཀོན་ཆུས་སུ་སྔོ་ཚལ་གཙང་མའི་ལས་སྣོན་བཟོ་གྲྭའི་རྣམ་གྲངས་ལས་གྲྭའི་95%ལེགས་གྲུབ་ཟིན་པ་དེའི་ནང་གཙོ་གཟུགས་ལས་གྲྭ་ལེགས་གྲུབ་ཟིན་པ་དང་སྒྲིག་བཀོད་ཉོ་སྒྲུབ་བྱས་པ་དང་འབྲེལ་སྐྱེལ་འདྲེན་བྱེད་བཞིན་ཡོད་ཅིང་། སྒྲིག་ཆས་འབྱོར་རྗེས་བསྒར་བ་དང་སྙོམས་སྒྲིག་ཚོད་ལྟ་བྱ་རྒྱུ་དང་སྔོན་དཔག་བྱས་ན་ཟླ་10པའི་ཟླ་མཇུག་ཏུ་འཁོར་རྒྱུག་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།