དབུ་ཤོག>གསར་འགྱུར།
  • ཡ་རབས་ངང་རླངས་འཁོར་བཏང་ནས་རང་གཞན་གཉིས་ཀྱི་བདེ་འཇགས་ཡིད་གཟབ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝེ་ཧྲན་གྱིས།   |     སྤེལ་དུས།  2015-06-17

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལམ་མདོ་ཁ་གཙོ་བོ་ཁག་76ཏུ“གློག་རྡུལ་འཕྲུལ་མིག”སྒྲིག་སྦྱོར་བྱས་པ་དེ་རྒྱ་ཆེའི་ཁ་ལོ་བ་ཚོའི་“སེམས་ནད”ཅིག་ཏུ་གྱུར་ཡོད། སྨྱུག་འཛིན་པས་བྱ་སྤྱོད་དེ་ནི་འགྲིམ་འགྲུལ་བདེ་འཇགས་ངང་ཤར་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་དེ་བཞིན་དམངས་ཡོངས་ཀྱི་འགྲིམ་འགྲུལ་སྒྲིག་སྲོལ་འདུ་ཤེས་དང་། བདེ་འཇགས་འདུ་ཤེས། སྤྱི་པའི་སྤྱོད་བཟང་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ལ་ལྷ་ས་གྲོང་ཁྱེར་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཤེས་དཔལ་སྲོལ་གཏོད་བྱེད་སྒོའི་ནང་ཞུགས་པ་དང་། གྲོང་ཁྱེར་གྱི་ཚད་གཞི་མཐོ་རུ་གཏོང་བ། སྤུས་དག་འཚོ་བ་སྐྱེལ་བ་བཅས་ཀྱི་བྱ་སྤྱོད་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འོན་ཏེ་ཁ་ལོ་བ་མི་ཉུང་ཞིག་གིས་སྔར་འཇགས་ཀྱི་འགྲིམ་འགྲུལ་གོམས་གཤིས་ངན་པ་ལྟར་རླངས་འཁོར་བཏང་བ“གློག་རྡུལ་འཕྲུལ་མིག”ནང་ཐེབས་སྟབས“གློག་རྡུལ་འཕྲུལ་མིག”སྣོན་འཛུགས་བྱས་པར་མ་འདོད་པའི་རྣམ་འགྱུར་བསྟན་གྱི་ཡོད། དེ་ཡང་ཁག་མེད། ཤེས་རྟོགས་བྱུང་བར་གཞིགས་ན། “གློག་རྡུལ་འཕྲུལ་མིག”མ་ལག་དེས་གློག་བརྡ་གཞིར་བཟུང་མ་བསྐྱོད་པ་དང་། སྟོན་ཕྱོགས་གཞིར་བཟུང་མ་བསྐྱོད་པ། ལམ་ཟློག་ནས་བསྐྱོད་པ། འཁོར་ལམ་རང་འདོད་བཞིན་བསྒྱུར་བ་ལ་སོགས་པའི་འགྲིམ་འགྲུལ་སྒྲིལ་སྲོལ་ལས་འགལ་བའི་བྱ་སྤྱོད་མང་དག་ཅིག་པར་བརྒྱབ་ཅིང་། མིག་སྔར“གློག་རྡུལ་འཕྲུལ་མིག”ཁག་གཅིག་མ་གཏོགས་བེད་སྤྱོད་བཏང་མེད་ནའང་ཉིན་ལྟར་པར་དུ་ཐེབས་པའི་འགྲིམ་འགྲུལ་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ཐེངས་1000ལས་བརྒལ་གྱི་ཡོད།

    ཡ་རབས་འགྲིམ་འགྲུལ་ནི་གྲོང་ཁྱེར་ཞིག་གི་ངོས་ནས་བརྗོད་ན“གསེར་བྱང”ལྟ་བུ་རེད། འོན་ཏེ་དུས་ཡུན་རིང་པོའི་ནང་འཕྲུལ་སྒུལ་འཁོར་རིགས་ཀྱིས་རང་འདོད་བཞིན་ལམ་བསྒྱུར་ནས་བསྐྱོད་པ་དང་། འཕྲལ་སྡོམ་འཁོར་ལམ་བཟུང་བ། རླངས་འཁོར་གཏོང་གིན་ཁ་པར་རྒྱག་པ། རྐང་ཐང་མར་འགྲོ་མཁན་གྱིས་ལམ་སྐྱོར་ཐོག་ནས་འཛེགས་ཏེ་བསྐྱོད་པ་ལ་སོགས་འགྲིམ་འགྲུལ་གོམས་གཤིས་ངན་པ་དང་། ལྷག་པར་དུ་ཆང་རག་བཏུང་ནས་རླངས་འཁོར་གཏོང་བ་དང་། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ། མི་ཚད་ལས་བརྒལ་ནས་བླུགས་པ། མདུན་གྱི་རླངས་འཁོར་ལས་ཨུ་ཚུགས་ཀྱིས་བརྒལ་བ་ལ་སོགས་པའི་ཉེན་ཆེའི་འཁོར་གཏོང་བྱ་སྤྱོད་ང་ཚོའི་མིག་མདུན་དུ་རྟག་ཏུ་མཐོང་རྒྱུ་ཡོད། གོང་གསལ་བྱ་སྤྱོད་དེ་དག་འགྲོ་འོང་བྱེད་མཁན་རྒྱུན་ཆད་རྒྱུ་མེད་པའི་བགྲོད་ལམ་ཐོག་གི“སྲོག་གཅོད་གཤེད་མ”ལྟ་བུར་གྱུར་ནས་ཤེས་དཔལ་གྲོང་ཁྱེར་གྱི་གཟུགས་བརྙན་ལ་གནོད་པ་མ་ཟད། གྲོང་མིའི་མི་ལུས་བདེ་འཇགས་ལ་དེ་བས་ཀྱང་གནོད་ཀྱི་ཡོད།

    ཡ་རབས་ངང་ཕྱིར་སྐྱོད་རྒྱུ་ནི་གྲོང་མིའི་བྱང་ཚད་དང་གྲོང་ཁྱེར་གྱི་གཟུགས་བརྙན་མངོན་པའི་ཕྱོགས་གལ་ཆེན་ཞིག་ཡིན་ལ་བདེ་འཇགས་ཀྱི“སྲུང་མ”ཞིག་དེ་བས་ཀྱང་ཡིན། འགྲིམ་འགྲུལ་ཤེས་དཔལ་གྲོང་ཁྱེར་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོད་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད། ཀུན་གྱིས་ཤེས་གསལ། འཇར་མན་ནི་རླངས་འཁོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་གཞུང་ལམ་ཐོག་ཕན་ཚུན་འགྲོ་འོང་བྱེད་མཁན་རླངས་འཁོར་རྒྱུན་ཆད་རྒྱུ་མེད། ཡིན་ནའང་འགྲིམ་འགྲུལ་ཉེན་རྟོག་པ་སྤྱིར་ན་མཐོང་རྒྱུ་མེད་པ་དང་ཁ་ལོ་བ་ཚང་མས་འགྲིམ་འགྲུལ་བརྡ་རྟགས་གཞིར་བཟུང་དལ་གྱིས་འགྲོ་འོང་བྱེད་ཀྱི་ཡོད་ལ་འགྲིམ་འགྲུལ་ལས་འཛོལ་ཡང་ཐོན་ཉུང་ཉུང་ཡིན། གང་ལགས་ཤེ་ན། འགྲིམ་འགྲུལ་ནང་ཞུགས་མཁན་ཚང་མས་གཏན་འབེབས་གཞིར་བཟུང་འགྲོ་འོང་བྱེད་པ་མ་ཟད། ད་དུང་ཕན་ཚུན་བསམ་ཤེས་བྱས་པས་རེད།

    ཡ་རབས་ཚུལ་ལྡན་གྱིས་འགྲོ་འོང་བྱས་ན་བདེ་འཇགས་ཡོང་རྒྱུ་དང་། བརྩི་འཇོག་ཐོབ་རྒྱུ། ཞི་མཐུན་ཡོང་རྒྱུ་ཡིན་ཞིང་། འགྲིམ་འགྲུལ་ནང་ཞུགས་མཁན་ཚང་མ་ཡ་རབས་ངང་ཕྱིར་སྐྱོད་ཀྱི་མིག་དཔེ་ཞིག་ཏུ་འགྱུར་བ་དང་། ཡ་རབས་ངང་ཕྱིར་སྐྱོད་དེ་གོམས་གཤིས་ཤིག་ཏུ་གྱུར་པ། འཚོ་བའི་ཁྲོད་ཀྱི་རྒྱུན་རྣམ་ཞིག་ཏུ་འགྱུར་བ་བཅས་བྱས་ན་བདེ་འཇགས་དང་། བདེ་བགྲོད། ཞི་མཐུན་བཅས་ཀྱི“དུས་བདེའི་ལམ་ཆེན”ཞིག་གཏོད་ཐུབ་ངེས་ཡིན་ལ་བྱ་སྤྱོད་དེའང་གྲོང་ཁྱེར་གྱི་ནམ་ཡང་མི་ཉམས་པའི་མཛེས་ལྗོངས་ལྟ་བུ་ཞིག་ཏུ་འགྱུར་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།